ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༨

༄༅། །སྐུ་སྒེར་དྲུང་ཆེ་སྐུ་ངོ་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ནི་མྱང་སྟོད་རྒྱལ་རྩེ་རྫོང་ཁོངས་མཁར་ཁ་གཞིས་སུ་ ༡༩༢༠ ལོར་འཁྲུངས། སྔར་ལམ་ཡིག་རྩིས་རིག་གནས་སློབ་གཉེར་དང་། གཞུང་སྲོལ་ཕྱག་བྲིས་ཀྱི་ལས་དོན་མྱོང་གསོག་ལེགས་གྲུབ་དགུང་གྲངས་ ༢༢ ལྕགས་སྦྲུལ་ ༡༩༤༡ ལོར་གཞུང་ཞབས་རྩེ་དྲུང་གི་གསར་མཇལ་ཞུས་ཏེ་ཞབས་སྣེའི་ཐོག་མར་རྩྭ་གཉེར་དང་། ལྷ་བུ་གཞིས་སྡོད། བཀྲས་ལྷུན་ཛ་བླའི་ལས་བྱ། རྒྱ་ནག་དོན་གཅོད་ཐའི་མཁན་སྦྲེལ་པོའི་ལས་བྱ་རྩེ་མགྲོན། བོད་ལྗོངས་ཚོགས་འདུ་ཧྲགས་བསྡུས་ནང་རྩེ་མགྲོན་གྱི་འཐུས་མིར་འདེམས་ཐོན་ཚོགས་ཞུགས། མཁན་ཆུང་གི་མཚན་གནས་ཐོག་ནོར་གླིང་ནང་མ་ཁང་དུ་ཕྱག་བྲིས་ཞབས་ཞུའི་འགན་བཞེས། རྒྱ་དཀར་ནག་ གིས་མཚོན་ཕྱི་ནང་ཆིབས་སྒྱུར་གར་གནང་ལ་༧རྒྱལ་བའི་ཆིབས་ཞབས་ལྷན་བཅར། ༡༩༥༩ ལོར་ལྷ་སར་ཟིང་བསླངས་དྲག་གནོན་ཛ་དྲག་ཉེན་ཆེའི་སྐབས་ལྷ་ཁུལ་སེར་སྐྱ་མང་ཚོགས་ནས་སྐུ་ཕྱ་བསྟན་སྲིད་སྙིང་བཅངས་དང་བླངས་སྒྲིག་འཛུགས་བཀའ་བཀོད་ཁང་གི་དབུ་ཁྲིད་ཁོངས་མང་མོས་འོས་འདེམས་ལྟར། ཕྱི་ནང་གསང་གསུམ་གྱི་སྐུ་ཕྱྭའི་སྲུང་སྐྱོབ་དང་རྒྱ་གར་དུ་གདན་ཞུའི་ཐབས་སྐུལ་ཐུགས་རྩོལ་ཆེ་བསྐྱེད་ཞུས། ཟིང་འཁྲུག་ནང་དགྲ་བོར་གདོང་གཏུགས་མཐའ་འཁྱོངས་གནང་མཐར་བཙན་བྱོལ་དུ་ཕེབས་ཏེ་༧སྐུ་སྒེར་དྲུང་ཆེའི་ཐུགས་འགན་རྐང་བཞེས་སྲི་ཞུ་རྟག་འགྲུས་གནང་ཐོག་གཞུང་འབྲེལ་འགངས་ཆེའི་ཡིག་ཆ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ལུགས་ཟུང་མཛད་འཕྲིན་ ནམ་མཁའི་ཕ་མཐར་ཀླས་པ་ལས་གསུང་གི་མཛད་པ་རྒྱ་ཆེའི་མང་ཚོགས་ལ་ལེགས་འདོམས་བཀའ་སློབ་སྔ་ཕྱི་རིམ་ཅན་གྱི་གླེགས་བམ་ཕྱོགས་བསྒྲིགས། ཡང་སྒོས་སྐུ་ཚེའི་ལོ་རྒྱུས་ཕྱག་དེབ་འདིའི་ནང་རང་རིགས་ན་གཞོན་རྣམས་ལ་འཕྲལ་ཡུན་བདེ་སྐྱིད་སྒྲུབ་ཚུལ་མི་འཚོལ་ཆེད་ཆོས་སྲིད་ཞི་དྲག་ལོ་རྒྱུས་དང་བཅས་པར་ཐུགས་མྱོང་དངོས་ཀྱི་ཞལ་ཏ་ལམ་སྟོན་མཛད་འདུག་སྟབས་རང་རིགས་སྤྱི་དང་། ཆབ་སྲིད་བྱ་བའི་སྣེར་གཏོགས། ལྷག་པར་ན་གཞོན་སློབ་པ་ལམ་ཞུགས་ཚོས་སྐུ་ངོ་མཆོག་ནས་གཞུང་མང་དུས་གཉན་སྐུ་ངལ་ཆེ་སྐབས་སྒེར་དོན་ཉེན་ཟོན་རིང་སྤངས་གདུང་འདེགས་ཀ་བ་ལྟ་བུའི་སྤྱི་སྨན་མཛད་འགན་བཞེས་པའི་བཀའ་དྲིན་དྲན་ཤེས་དང་ཐུགས་སྣང་སྤྱན་ལྟོས་ཡོང་ཕྱིར་འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས།།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …