སྒྲ་བརྙན་སྡེ་ཚན།

Next Prev






Next Prev

སྒྲ་བརྙན་སྡེ་ཚན།

སྡེ་ཚན་འདི་ནི་ཕྱི་ལོ་ ༡༩༧༦ ལོར་དབུ་འཛུགས་གནང་ཞིང། དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ནང་ངོམས་སུ་ཆོག་པའི་རང་རེ་བོད་མིའི་གནའ་རབས་སྲོལ་རྒྱུན་ཆོས་དང་རིག་གཞུང་སོགས་ཁྱད་ནོར་བཟང་པོ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་སླད་བདག་ཉར་གཅེས་གསོག་གི་ལམ་ནས་ལོ་རྒྱུས་ལ་དོ་སྣང་དང་དོན་གཉེར་བྱེད་མཁན་ཚོར་མཁོ་སྤྲོད་བྱེད་པ་དང། འབྱུང་འགྱུར་བློ་གསར་གཞོན་ནུ་ཚོར་བརྒྱུད་སྤྲོད་ཐུབ་པ་བྱེད་བཞིན་ཡོད།

ལོ་རྒྱུས་བདག་ཉར་བྱས་ཁོངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྩལ་བའི་གསུང་ཆོས་དང་བཀའ་སློབ། བཀའ་དབང། ལྗགས་ལུང་། གཞན་ཡང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་གསུང་ཆོས་དང། དཔེ་ཁྲིད། དེ་དག་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་འདོན་རྟ་དབྱངས། བོད་ཀྱི་རྒྱལ་རབས་ལོ་རྒྱུས། བོད་མི་སྙན་གྲགས་ཅན་གྱི་མཛད་རྗེས། བོད་ཀྱི་གནའ་རབས་གླུ་གཞས། བོད་ལུགས་ཕོ་མོའི་ཆས་གོས་དང་རྒྱན་ཆའི་སྐོར། བོད་དམག་གི་ལོ་རྒྱུས། ལག་ཤེས་སྐོར། ཡུལ་ལུང་སོ་སོའི་བཤད་པ། སྒྲུང་གཏམ་སོགས་བོད་མི་རྒན་རབས་རྣམ་པའི་ཞལ་རྒྱུན་ཁོ་ནར་གནས་པ་རྣམས་སྒྲ་སྡུད་འཁོར་ཐག་ནང་སྒྲ་འཇུག་གང་ཐུབ་ཞུས་ཏེ་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཁག་ནང་ཉར་ཚགས་སྲུང་སྐྱོབ་བྱས་དང་བྱེད་མུས། དེ་མཚུངས་མཁས་དབང་རྣམ་པའི་བགྲོ་གླེང་དང་། ཚོགས་འདུ། བརྡ་སྤྲོད་དང་སྙན་ངག སྨན་རྩིས། ཚན་རིག བོད་དོན་དང་འབྲེལ་བའི་སྐོར་སོགས་སྒྲ་འཇུག་དང་བརྙན་དཔར་གྱི་ལམ་ནས་བདག་ཉར་གཅེས་གསོག་ཞུ་བཞིན་པ་དང། ད་ཡོད་སྒྲ་འཇུག་ཞུས་པའི་འཁོར་ཐག་དང་བརྙན་འཕྲིན་རྣམས་སྒྲ་བརྙན་འོད་སྡེར་ནང་ཕབ་བཤུ། སྒྲ་འཇུག་རྙིང་པ་རྣམས་གློག་ཀླད་ནང་སྤོ་བཤུ་བྱེད་བཞིན་པ་མ་ཟད་ངོ་བཤུས་དང་སྦྲགས་ཉར་ཚགས་ཞུ་མུས་ལྟར་ད་ཆ་དུས་ཡུན་ཆུ་ཚོད། ༤༩༠༠༠ ལྷག་ཙམ་གྱི་སྒྲ་འཇུག་དང་བརྙན་དཔར་མཁོ་སྒྲུབ་ཐུབ་པ་བྱུང་ཡོད།

སྒྲ་འཇུག་ཞུས་པའི་འཁོར་ཐག་དང་འོད་སྡེར་ཇི་ཡོད་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་གཞའ་ཚན་དང། རླན་གཤེར། ཚ་གྲང་། ཐལ་རླུང་སོགས་ལས་སྲུང་སྐྱོབ་ཐུབ་ཆེད་ཁང་མིག་གཅིག་ཟུར་དུ་བདག་ཉར་གྱིས་དྲོད་སྙོམ་འཕྲུལ་ཆས་ཀྱི་མཐུན་རྐྱེན་འོག་སྲུང་སྐྱོབ་བྱེད་བཞིན་པ་ཡིན།

ཕྱི་ལོ་ ༢༠༠༦ ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭའི་གསུང་ཆོས་ཁག་སྒྲ་འཛིན་འོད་སྡེར་ནང་བཅུག་སྟེ་དོན་གཉེར་ཅན་ཚོར་སྤུས་གཟིགས་ཞུ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་གི་ཉིན་རེའི་ནང་ཆོས་འཛིན་གྲྭ་དང་དམིགས་བསལ་ནང་ཆོས་འཆད་ཁྲིད་ཆ་ཚང་ང་ཚོའི་ཡུ་ཊུབ་དང་(YouTube) དང་། སྒྲ་སྤྲིན་ (SoundCloud) བརྒྱུད་ནས་གསན་རྒྱུ་དང་ཕབ་ལེན་བྱེད་རྒྱུ་ཡོད། དེ་བཞིན་སྒྲ་བརྙན་ཉར་ཚགས་ཞུས་པ་རྣམས་ཉན་ཞིབ་དང་ངོ་བཤུས་བྱེད་འདོད་ཡོད་རིགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་སྒྲིག་གཞི་དང་མཐུན་པར་ངོ་བཤུས་སོགས་བྱེད་རྒྱུའི་གོ་སྐབས་འབུལ་བཞིན་ཡོད།
ད་བར་སྡེ་ཚན་ནས་གལ་ཆེའི་གསུང་བཤད་དང་བཀའ་ཆོས་ཕྱོགས་སྒྲིག་ཞུས་པ་ལས་ཡུ་ཊུབ་ (YouTube) ནང་ཁྱོན་བརྙན་པར་ ༧༩༠ ལྷག་ནང་འཇུག་ཞུས་ཡོད་པ་མ་ཟད། སྒྲ་སྤྲིན་(Sound Cloud) ནང་མཚན་བྱང་ ༧༥ དང་དུས་ཡུན་ཆུ་ཚོད་ ༡༢༠༠ ལྷག་ཀྱི་སྒྲ་འཇུག་ནང་འཇུག་ཞུས་ཡོད།

པར་མཛོད་ཁང་།

འདྲ་པར་ཉར་ཚགས་ཁང་ནི་ཐོག་མར་བོད་ཀྱི་ཁང་བཀོད་བཟོ་རིག་གི་ཡིག་ཆ་ཕྱོགས་སྒྲིག་བསྟི་གནས་ཁང་དུ་དབུ་འཛུགས་ཞུས་ནའང་། ཆག་འཇིག་གི་གནས་སུ་འགྱུར་བའི་བོད་ཀྱི་སྲོལ་རྒྱུན་སྐོར་གྱི་ཡིག་ཆ་ཕྱོགས་སྒྲིག་ཞུ་རྒྱུ་དང་། འབྱུང་འགྱུར་གྱི་ཉམས་ཞིབ་དང་བཟོ་བཀོད་སླད་དཔྱད་གཞིའི་གྲངས་མཛོད་ཁང་ཞིག་ཏུ་དགོས་གལ་དུ་དམིགས་ཏེ། ཉར་ཚགས་ཁང་འདི་བཞིན་ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་གཞིའི་ཆ་ཤས་སུ་ཐོག་མར་གསར་འཛུགས་ཞུས། རིམ་གྱིས་ཁང་བཀོད་བཟོ་རིག་ཡིན་མིན་གཉིས་ཀ་དང་འབྲེལ་བའི་པར་རིས་དང་། བརྙན་པར་སྤྱིན་ཤོག སྤྱིན་ཤོག་སོགས་ཞལ་འདེབས་གནང་མཁན་ཉིན་རེ་ལས་མ་འདས་པར་ཇེ་མང་དུ་སོང་རྐྱེན་བོད་ཀྱི་ཁང་བཀོད་བཟོ་རིག་ཡིག་ཆ་ཕྱོགས་སྒྲིག་ཁང་ནས་འདྲ་པར་ཉར་ཚགས་ཁང་དུ་མཚན་འགྱུར་བཏང་། ད་ལྟའི་ཆར་ཉར་ཚགས་ཁང་འདིའི་ནང་དམིགས་བསལ་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་ཀྱི་ཁང་བཀོད་བཟོ་རྩལ་སོགས་དང་འབྲེལ་བའི་འདྲ་པར་དང་། བརྙན་ཐུང་། སྤྱིན་ཤོག་ཚོན་ཁྲ་ཅན་དང་ཚོན་ཁྲ་ཅན་མིན་པ་གང་མང་ཕྱོགས་བསྡུས་ཀྱིས་གྲངས་སྒྱུར་ཞུས་ཏེ་ཉར་ཚགས་ཞུས་པ་རྣམས་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་བའི་བོད་པའི་ཐུན་མིན་གྱི་འདྲ་པར་དཀོན་རིགས་ཁག་ཡིན།

སྒྲ་བརྙན་སྡེ་ཚན་གྱི་ཁོངས་སུ་གཏོགས་པའི་འདྲ་པར་ཉར་ཚགས་ཁང་འདིའི་རྩ་བའི་དམིགས་ཡུལ་ནི། ལོ་རྒྱུས་ཡུན་རིང་སོང་བའི་བོད་དང་བོད་མིའི་ཐུན་མིན་གྱི་རྣམ་དཔྱོད་མཚོན་པའི་འདྲ་པར་ཁག་ཕྱོགས་བསྡུས་ཞུས་ཏེ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། བོད་ནི་འདས་པའི་དུས་རབས་མང་པོའི་རིང་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་སྔར་ལྐོག་ཏུ་འགྱུར་ཞིང་ཡིད་དབང་འཕྲོག་པ་ཞིག་ཏུ་སྣང་། དེའི་རྒྱུ་མཚན་ནི། བོད་ཀྱི་ས་བབས་ཆགས་ཡུལ་གྱི་ཆ་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་མེད་དུ་ཁེར་རྐྱང་དུ་གནས་པས་བོད་དང་བོད་མིའི་འདྲ་པར་རྣམས་དཀོན་པོ་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར། དེས་ན་འདྲ་པར་ཉར་ཚགས་ཁང་གིས་དེ་ལྟའི་འདྲ་པར་ཁག་ཉར་ཚགས་དང་གཅེས་སྲུང་བྱས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆེ་བའི་རྒྱ་ཆེའི་སྐྱེ་བོ་རྣམས་ཀྱིས་ལྟ་ཀློག་ཐུབ་པ་ཞུ་བཞིན་ཡོད།

ཕྱོགས་བསྡུས་ཞུས་ཁོངས་སུ་རྩ་བའི་ཆ་ནས་གང་ཟག་སྒེར་དང་ཚོགས་སྡེ་འདྲ་མིན་ནས་ཞལ་འདེབས་བྱུང་བ་དང་། རྒྱ་གར་དང་བལ་ཡུལ་ནང་ཉར་ཚགས་ཁང་གི་ལས་བྱེད་ཚོས་བརྒྱབ་པའི་འདྲ་པར་ཁག་གཏོགས་ཡོད། ད་ཡོད་ཀྱི་ཕྱོགས་བསྡུས་ནང་མཁྲེགས་གཟུགས་འདྲ་པར་གྲངས་ ༡༠༡༣༩ དང་། གློག་ཀླད་ནང་གི་འདྲ་བཤུས་གྲངས་ ༡༡༦༡༦༥། བརྙན་པར་སྤྱིན་ཤོག་གྲངས་ ༥༠༠། ཕིང་ཤོག་གྲངས་ ༢༥༢༣ བཞུགས་ཡོད།

ཉར་ཚགས་ཁང་འདིར་བོད་དང་བོད་མིའི་རིག་གཞུང་དང་སྒྱུ་རྩལ་སོགས་ཀྱི་སྐོར་འདྲ་པར་གྱི་ལམ་ནས་དགྱེས་གཟིགས་གནང་བློ་ཡོད་མཁན་སུ་ཕེབས་ཀྱང་ཆོག །དམིགས་བསལ་མཁས་དབང་། ཉམས་ཞིབ་པ། སློབ་ཕྲུག་བཅས་ཀྱིས་འདྲ་པར་གྱི་འདྲ་བཤུས་གཡར་པོ་ཞུ་ཆོག་པ་དང་། མི་མང་བྱིངས་རྣམས་ལ་ཉར་ཚགས་ཁང་གིས་གཏན་འབེབས་གནང་བའི་ཡུན་ཚད་དང་ཆ་རྐྱེན་གཞིར་བཟུང་ལག་བསྟར་ཞུ་དགོས། །

ཚོགས་མི།

ཚེ་རིང་སྒྲོལ་དཀར།
སྡེ་ཚན་འགན་འཛིན།
བློ་བཟང་སྒྲོལ་མ།
བརྙན་དཔར་བཟོ་སྒྲིག་པ།
བསྟན་འཛིན་འབྱུང་གནས།
བརྙན་དཔར་བཟོ་སྒྲིག་པ།
བསྟན་འཛིན་ཀུན་བཟང་།
དཔར་པ།
འཇམ་དཔལ་ཤེས་རབ།
བརྙན་དཔར་བཟོ་སྒྲིག་པ།
བསྟན་འཛིན་ནོར་བུ།
དྲ་ཚིགས་དོ་དམ་པ།