རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན།

Next Prev




Next Prev

རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན།

༄༅། །རང་གི་ཕ་ཡུལ་ལྷ་ཡུལ་འདྲ་བ་རེ་ཞིག་བཞག་སྟེ་མི་འདོད་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་གྱིས་ཕེབས་དགོས་བྱུང་མ་ཐག་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁམས་ཀྱི་ཡུལ་གྲུའི་ངོས་འཛིན་སའི་གོ་ལ་འདི་ཡི་སྟེང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་མཛད་པ་རླབས་ཆེན་རྒྱ་བསྐྱེད་བསྐྲུན་ཕྱིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་བྱེ་བྲག་གི་དགོས་མཁོ་ཆ་ཚང་བ་ཞིག་འགྲུབ་པར་ཤེས་རིག་བསྟི་གནས་སློབ་གྲྭ་དང་ཆོས་ཀྱི་བསྟི་གནས་དགོན་པ། མང་ཚོགས་ཀྱི་ཆེད་གཞིས་ཆགས་འཛུགས་སྐྲུན་སོགས་མི་ཉུང་བ་ཞིག་བཀའ་དྲིན་བསྐྱངས་ཤིང་། དེ་དང་ཆབས་ཅིག་ཤེས་ཡོན་སླར་གསོའི་ལས་རིམ་རྒྱུན་གནས་དང་རྒྱ་བསྐྱེད་ཀྱི་ལས་འཆར་མི་ཉུང་བ་ཞིག་བཀའ་དྲིན་བསྐྱངས་ཁོངས་ནས་ཆོས་རིག་སྐད་ཡིག་དང་བཅས་པའི་རིག་གནས་སྲུང་སྐྱོབ་ཀྱི་ཆེད་ཕྱི་ལོ་ ༡༩༧༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་རྨང་གཞིའི་འཛུགས་སྐྲུན་བཀའ་དྲིན་བསྐྱངས། རིམ་བཞིན་དེ་ཡི་ཁོངས་ནས་བོད་ཀྱི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་འདི་བཞིན་ཐོག་མའི་དབུ་འབྱེད་ཀྱི་གལ་ཆེའི་སྡེ་ཚན་གྱི་གྲས་ཤིག་ཏུ་གཏོགས།

སྡེ་ཚན་འདི་ཉིད་ཐོག་མའི་དབུ་འབྱེད་སྐབས་མཁས་པའི་ལྷན་ཚོགས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ངོ་བོར་གྲུབ་པ་ཐོས་ཤིང་། དེ་སྐབས་བྲག་གཡབ་སྐྱབས་མགོན་དང་མཁས་བཙུན་བཟང་པོ་རིན་པོ་ཆེ་སོགས་ལས་གྲུབ་པའི་སྡེ་ཚན་འདི་ཉིད་རིམ་བཞིན་ཤུགས་ཆེར་རྩོམ་སྒྲིག་དཔར་སྐྲུན་གྱི་ལས་རིགས་སུ་ཤུགས་སྣོན་བྱུང་སྟེ་ད་བར་དཔར་སྐྲུན་གྱི་བྱ་གཞག་མུ་མཐུད་ནས་གནས་པ་ལགས། འདི་ཉིད་ཟུར་བཅད་ཀྱི་སྡེ་ཚན་གྱི་ངོ་བོར་གྲུབ་རྗེས་འགན་འཛིན་དང་པོ་ནི་ལོ་རྒྱུས་སྨྲ་བའི་དབང་པོ་བཀྲ་ཤིས་ཚེ་རིང་ལགས་ཡིན་ཅིང་། ཁོང་ཕྱི་ལོ་ ༡༩༩༩ ལོར་བགྲེས་ཡོལ་སྔ་སྣུར་ཕེབས་པའི་རྗེས་སུ་སྒོ་མང་དགེ་བཤེས་ངག་དབང་ལུང་རྟོགས་ལགས་ནས་ཐུགས་འགན་བཞེས། དེ་རྗེས་ཕྱི་ལོ་ ༢༠༠༥ ནས་ད་ལྟའི་སྡེ་ཚན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་གྱིས་བྱེད་བཞིན་པ་རེད། ད་ལྟའི་ཆར་ལས་བྱེད་བཞི་ཡོད་ཅིང་། དེ་དག་ནི་ཨཱཙཱརྱ་ན་ག་སངས་རྒྱས་བསྟན་དར། དགེ་བཤེས་ངེས་དོན་རྒྱ་མཚོ་དང་། དགེ་བཤེས་བློ་བཟང་ཡར་འཕེལ། ཤཱསྟྲི་ཀུན་བཟང་ཆོས་སྒྲོན་བཅས་ཡིན།

སྡེ་ཚན་འདི་ནས་ལས་དོན་གཙོ་བོ་གཉིས་སྒྲུབ་ཀྱི་ཡོད་ཅིང་། དང་པོ་ནི་བོད་ཡིག་དཔར་སྐྲུན་གྱི་ལས་དོན་ཕལ་ཆེ་བ་འདི་ནས་སྒྲུབ་ཀྱི་ཡོད། ཉེ་བའི་ལོ་རབས་འདིར་མཐུན་རྐྱེན་བཟང་དུ་ཕྱིན་པ་དང་སྟབས་བསྟུན་དཔར་སྐྲུན་གྱི་གྲངས་ཚད་དང་སྤུད་ཀ དེ་བཞིན་ཉམས་ཞིབ་ཅན་དང་དགོས་མཁོ་ཅན་རྣམ་མང་དཔར་ཐུབ་པ་བྱུང་ཡོད། ང་ཚོས་ལོ་རེའི་དཔར་སྐྲུན་འཆར་གཞི་རེ་ཞིག་བཀོད་ཀྱང་དགོས་མཁོའི་དབང་གིས་ལོ་དེ་རང་ནང་རྩོམ་པ་པོ་ནས་ཉམས་ཞིབ་གསར་པ་དཔར་སྐྲུན་ཞལ་འདེབས་བྱུང་བ་ལ་བརྟེན་ནས་ཐོག་མའི་འཆར་གཞི་ནང་མ་གསལ་བའི་དེབ་རིགས་སྔོན་དཔར་དགོས་པ་ལན་མང་བྱུང་། སྤྱིར་བཏང་ང་ཚོས་འདི་ནས་དཔར་བའི་དེབ་རེ་ཟུང་ལས་ཕལ་ཆེ་བ་དེབ་གྲངས་ལྔ་བརྒྱ་ཐམ་པ་ཡིན། རྫོགས་རིམ་བཞིན་སླར་དཔར་བྱེད་ཀྱི་ཡོད།

སྐབས་རེ་གསུང་འབུམ་དཔར་སྐྲུན་སྐབས་རིན་ཚད་མཐོན་པོར་སླེབས་ཏེ་གནས་སྐབས་དཔར་སྐྲུན་བཀག་དགོས་པ་དེ་རིགས་ཀྱང་བྱུང་ཡོད། འདི་ནས་དཔར་བའི་བརྗོད་བྱ་རྣམས་ཤུགས་ཆེ་བ་ལོ་རྒྱུས་ཀྱིས་མཚོན་པའི་ཐུན་མོང་བའི་རིག་གནས་ཡིན། ཆོས་ཀྱི་སྐོར་ཤུགས་ཆེ་བ་དགོན་པ་གྲྭ་ཚང་སོ་སོ་ནས་མི་ཉུང་བ་ཞིག་དཔར་གྱི་ཡོད་པར་བརྟེན་དེ་ཙམ་ཤུགས་རྒྱབ་ཀྱི་མེད། བོད་ནས་ཐོན་པའི་བརྩམས་སྒྲུང་གསར་པ་རིང་པོ་དེ་རིགས་ང་ཚོས་སྤར་ཏེ་སྐད་ཡིག་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་ཉི་ཚེ་བ་བསྐང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།།

གཉིས་པ་ནི་བོད་ཀྱི་དཔེ་མཛོད་ཁང་གི་བོད་རིག་པའི་ཟབ་སྦྱོང་དང་རྩོམ་སྒྱུར་ཟབ་སྦྱོང་བསྡོམས་ཟླ་བ་ལྔའི་རིང་སྐད་ཡིག་གི་དགེ་རྒན་སྡེ་ཚན་འདི་ནས་སྲི་ཞུ་སྒྲུབ་ཀྱི་ཡོད་པ་རེད། གཞན་ཡང་སྐད་ཡིག་གི་འཛིན་གྲྭ་ལོ་གཅིག་ནང་ཉུང་མཐར་ཟླ་བ་དྲུག་རིང་ཉིན་རེ་ཆུ་ཚོད་གཅིག་རེ་ཅན་ལོ་སྟར་གོ་སྒྲིག་དང་འཚོགས་བཞིན་པ་རེད།།

ཕྱི་ལོ་ ༡༩༧༢ ནས་བཟུང་ད་བར་བོད་ཡིག་གི་དཔེ་དེབ་མི་འདྲ་བ་གྲངས་ ༤༠༧ ཙམ་དང་། ཕྱི་ལོ་ ༡༩༧༣ ནས་ད་བར་དབྱིན་ཇིའི་དཔེ་དེབ་གྲངས་ ༢༣༤ ཙམ་དཔར་སྐུན་ཞུས་ཡོད།

 

ཚོགས་མི།

སངས་རྒྱས་བསྟན་དར།
སྡེ་ཚན་འགན་འཛིན།
དགེ་བཤེས་ངེས་དོན་རྒྱ་མཚོ།
དཔར་སྐྲུན་རྩོམ་སྒྲིག་ལས་རོགས་གཞོན་པ།
དགེ་བཤེས་བློ་བཟང་ཡར་འཕེལ།
དཔར་སྐྲུན་རྩོམ་སྒྲིག་ལས་རོགས།
ཀུན་བཟང་ཆོས་སྒྲོན།
དཔར་སྐྲུན་རྩོམ་སྒྲིག་ལས་རོགས།
བསོད་ནམས་ཟླ་བ།
དཔར་སྐྲུན་རྩོམ་སྒྲིག་ལས་རོགས།
དཔར་སྐྲུན་རྩོམ་སྒྲིག་ལས་རོགས།