དམིགས་ཡུལ་དང་དགོས་པ།

༡༽ བོད་ཀྱི་རིག་གཞུང་གཅེས་སྲུང་དང༌། གོང་འཕེལ། ཁྱབ་སྤེལ་བཅས་གཏོང་རྒྱུ།
༢༽ བོད་ཀྱི་ཕྱག་དཔེ་གསུང་རྟེན་ཁག་མཁོ་སྒྲུབ་དང༌། སྲུང་སྐྱོབ། ཉར་ཚགས་བཅས་བྱ་རྒྱུ།
༣༽ ཀློག་དེབ་དང་དཔྱད་གཞིའི་ཡིག་ཆ་མང་ཙམ་མཁོ་སྤྲོད་བྱ་རྒྱུ།
༤༽ དཔེ་ཆའི་ཐོ་གཞུང་དང་ཡིག་ཆའི་རེའུ་མིག་མཁོ་སྤྲོད་དང་པར་འགྲེམས་བྱ་རྒྱུ།
༥༽ དཔྱད་གཞིའི་ཡིག་ཆའི་འདྲ་བཤུས་མཁོ་སྤྲོད་དང༌། པར་འགྲེམས། མཁོ་འདོན་བཅས་བྱ་རྒྱུ།
༦༽ དཔྱད་གཞི་འཐུས་སྒོ་ཚང་བའི་བོད་རིག་པའི་བསྟི་གནས་ཁང་ཞིག་གི་ངོ་བོར་གནས་རྒྱུ།

བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་སྒྱུ་རྩལ་དང༌། སྣང་བརྙན། ཕྱག་དཔེ། ཐང་ག པར་རིས། དེ་བཞིན་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་སུ་གྱུར་པའི་རིག་དངོས་སྣ་ཚོགས་ཤིག་གཅེས་ཉར་བྱེད་སའི་མཛོད་ཁང་ལྟ་བུར་ཞབས་འདེགས་སྒྲུབ་ཀྱི་ཡོད།

འདི་ནི་དཔེ་མཛོད་ཅིག་དང་། འགྲེམས་སྟོན་ཁང་ཙམ་ཞིག་མིན་པར་གནའ་དེང་གི་རིག་གནས་སྦྱོང་སའི་ཤེས་ཡོན་གྱི་བསྟི་གནས་ཤིག་ཀྱང་ཡིན། བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་ཉམས་ཞིབ་དང་ཤེས་ཡོན་བརྗེ་ལེན་བྱ་སའི་ཁོར་ཡུག་འཐུས་ཚང་ཞིག་ཡོང་ཕྱིར་དུས་རྒྱུན་སློབ་ཁྲིད་གོ་སྒྲིག་གནས་མུས་དང་། ལྷག་པར་སློབ་ཕྲུག་དང་། ཉམས་ཞིབ་པ། དེ་བཞིན་དོན་གཉེར་ཅན་གྱི་མང་ཚོགས་བཅས་ཀྱི་ཆེད་དུ་བགྲོ་གླེང་ཚོགས་འདུ་དང་། གཏམ་བཤད། ཟབ་སྦྱོང་སོགས་ཀྱང་དུས་ནས་དུས་སུ་གོ་སྒྲིག་ཞུ་མུས་ཡིན། ད་ལྟའི་ཆར་བོད་ཀྱི་དཔེ་མཛོད་ཁང་འདི་ནི་སྡེ་ཚན་ཁག་བཅུ་ལས་གྲུབ་པའི་གནའ་དེང་རིག་གནས་སྦྱོང་སའི་བསྟི་གནས་ཁང་ཆ་ལག་ཚང་བ་ཞིག་ཡིན།