འགྲེམས་སྟོན་ཁང་།

Next Prev









Next Prev

འགྲེམས་སྟོན་ཁང༌།

འགྲེམས་སྟོན་ཁང་ནི་བོད་ཀྱི་དཔེ་མཛོད་ཁང་གི་ཐོག་སོ་གཉིས་པར་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོས་བོད་ས་ཡོངས་རྫོགས་དྲག་པོའི་དབང་སྒྱུར་བྱས་པའི་རྗེས་རྒྱལ་གཅེས་བོད་མི་སྙིང་སྟོབས་ཅན་རྣམས་ནས་ཧི་མ་ལཱ་ཡའི་རི་ཀླུང་བརྒྱུད་རྩ་ཆེའི་གསུང་རབ་ཀྱི་མཚོན་པའི་རིགས་དངོས་མང་དག་ཅིག་ངལ་བ་ཁྱད་གསོད་ཀྱིས་བོད་ནས་གདན་འདྲེན་ཞུས་ཏེ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་དང་། ༸གོང་ས་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་འདིར་གསོལ་སྩལ་བྱུང་བའི་རིན་ཐང་ཅན་གྱི་དངོས་པོ་ཤ་སྟག་ཆགས་ཡོད། དེ་ནས་རིམ་བཞིན་རིག་དངོས་དེ་དག་གཅེས་གསོག་གིས་༡༩༧༤ ལོར་རྒྱ་གར་དབུས་འགྲེམས་སྟོན་ཁང་གི་ལམ་སྟོན་འོག་ཐོག་མར་དབུ་འཛུགས་ཞུས།
འགྲེམས་སྟོན་ཁང་འདི་ནས་གནའ་རབས་ཀྱི་རིག་དངོས་རྣམས་བདག་གཉེར་བྱས་པ་ཙམ་མ་ཡིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྲོལ་རྒྱུན་རྒྱུ་སྩལ་ལ་ཕྱུག་པའི་ཆེད་ལས་པ་རྣམས་ལ་འབོད་སྐུལ་ཞུས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་འབུར་དུ་ཐོན་པའི་རྟེན་དངོས་ཤིང་ལས་གྲུབ་པའི་སྐུ་རྟེན་བཞུགས་ཡུལ་མཆོད་གཤོམས་བརྐོས་སྤྲུག་ཞིབ་རྒྱས་ཞིག་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བློས་བསླང་གི་དཀྱིལ་འཁོར། དར་རྐུད་ལས་གྲུབ་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་རྟེན་མདོས་དཀྱིལ་འཁོར། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྡུལ་ཚོན་དཀྱིལ་འཁོར། བྲིས་སྐུ། གོས་ཐང་།འཇིམ་སྐུ།གསེར་ཟངས་ལས་གྲུབ་པའི་སྣང་བརྙན་སོགས་མུ་མཐུད་རྒྱུན་གནས་ཡོང་ཐབས་སུ་གསར་བཞེངས་དང་། ཕྱི་ལོ་༢༠༡༢ ལོར་འགྲེམས་སྟོན་ཁང་དེར་ཉམས་གསོའི་རྒྱ་སྐྱེད་ལེགས་གྲུབ་བྱུང་བ་དང་། དེ་ནི་འགྲེམས་སྟོན་ཁང་གསར་འཛུགས་ཟིན་པ་ནས་མི་ལོ་བཞི་བཅུའི་རྗེས་ཀྱི་གནས་སྟངས་ཤིག་ཀྱང་ཆགས་ཡོད། སྐབས་དེར་རང་རེའི་སྲོལ་རྒྱུན་གྱི་ཁྱད་ཆོས་རྣམས་རང་སོར་གནས་པའི་ཐོག་དེང་དུས་ཀྱི་བཀོད་པ་དང་འཚམས་པའི་རིག་དངོས་སྒྲིག་གཤོམས་རྣམས་ལ་དམིགས་བསལ་ལྟ་རྟོག་གཟབ་ནན་དང་རྩ་ཆེའི་དངོས་པོ་དེ་དག་གི་གལ་གནད། ལོ་རྒྱུས་ཁག་མ་ལྷག་མ་འཕྱུག་པར་འགྲེལ་བརྗོད་བྱེད་པའི་བརྒྱུད་འཛམ་གླིང་ཡུལ་གྲུ་གང་ས་ནས་བོད་ཀྱི་རིག་གཞུང་དང་དངོས་རིགས་ལ་ཐུགས་སྣང་ཅན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནས་ད་བར་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་ཙམ་རིང་རིག་གཞུང་དང་རིག་དངོས་རྣམས་མི་ཉམས་རྒྱུན་གནས་ཡོང་ཐབས་སུ་སྲུང་སྐྱོབ་གང་ཐུབ་དང་ལེགས་སྐྱེས་མི་དམན་ཙམ་སྒྲུབ་བཞིན་ཡོད་པ་བཅས་བོད་ཀྱི་དཔེ་མཛོད་འགྲེམས་སྟོན་ཚན་པ་ནས།

ཚོགས་མི།

རྣམ་རྒྱལ་ཚེ་རིང་།
འགྲེམས་སྟོན་དོ་དམ་པ།
སྐལ་བཟང་ཆོས་སྐྱིད།
ལས་རོགས།