ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཁག

འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་ལྟར་དུས་ཡུན་རིང་བའི་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་ཞུ་བཞིན་ཡོད།

ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་དུས་ཡུན་ཟླ་གསུམ་རིང་གི་རྩོམ་སྒྱུར་ཟབ་སྦྱོང་ཞིག་དང་། ཕྱི་ལོ་ ༢༠༡༡ ནས་བཟུང་དུས་ཡུན་ཟླ་གཉིས་རིང་གི་བོད་ཀྱི་རིག་གནས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་མུས་ཡིན།

ལས་རིམ་འདིའི་ས་མིག་ཉུང་མཐར་སློབ་ཕྲུག་གྲངས་ ༡༥ དང་མང་མཐར་སློབ་ཕྲུག་གྲངས་ ༤༠ བཅས་ཡིན་པ་དང་། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག དེ་བཞིན་བོད་ཀྱི་སྐད་ཡིག་གི་གནས་ཚད་བཟང་བའི་ཕྱི་རྒྱལ་བ་སོགས་ཞུགས་འཐུས།

བོད་ཀྱི་རིག་གནས་དང་འབྲེལ་བའི་ཟབ་སྦྱོང་འདིར་གཙོ་བོ་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་པའི་ལྟ་སྤྱོད། བོད་ཀྱི་རྒྱལ་རབས་སོགས་སློབ་ཁྲིད་གནང་རྒྱུ་དང་། རྩོམ་སྒྱུར་ཟབ་སྦྱོང་སྐབས་གཙོ་བོ་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་པའི་ལྟ་སྤྱོད། ཨིན་ཇི་སྐད་ཡིག་དང་རྩོམ་རིག དེ་བཞིན་རྩོམ་སྒྱུར་གྱི་ཐབས་ལམ་བཅས་ཀྱི་སྐོར་སློབ་ཁྲིད་གནང་རྒྱུ་ཡིན།