བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ནས་སྨན་ཞབས་པ་ཁག་གཅིག་ལ་བགྲེས་སོང་རྣམས་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས་གཉིས་ཀྱིས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༧ ནས་ཟླ་ ༧ ཚེས་ ༡ བར་ཉིན་གྲངས་ ༥ རིང་ནང་སྲིད་ཁྱབ་ཁོངས་རྒས་གསོ་ཁང་ཁག་གི་སྨན་ཞབས་པ་དང་། འཕྲོད་ལས་པ། ནད་གཡོག་བཅས་དང་། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་གི་སྨན་ཞབས་པ་ཁག་གཅིག་ལ་སྲོལ་རྒྱུན་རིག་གཞུང་གིས་གཏིང་ཚུགས་པའི་སྙིང་རྗེའི་སྤྱི་ཚོགས་ (Culturally connected compassionate community) ཞེས་པའི་བརྗོད་གཞིའི་འོག་བགྲེས་སོང་རྣམས་ལ་ལྟ་སྐྱོང་བྱེད་ཕྱོགས་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༧ ཉིན་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་ཀྱིས་གཙོས་སློབ་འཁྲིད་པའི་ཁོངས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སློབ་སྟོན་པ་སྨན་པ་བློ་བཟང་ཚེ་རིང་ལགས། ནང་སྲིད་དང་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱི་དྲུང་འཕར་རྣམ་པ་དང་ཟུང་དྲུང་རྣམ་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་དང་སྨན་ཞབས་པ་རྣམ་པ། འཕྲོད་ལས་པ་རྣམ་པ་བཅས་མི་གྲངས་ ༢༦ ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད།

དེ་ཡང་ནང་སྲིད་ཁྱབ་ཁོངས་རྒྱ་གར་ནང་གི་རྒས་གསོ་ཁང་ ༡༢ ནས་སྨན་ཞབས་པ་དང་། ནད་གཡོག འཕྲོད་ལས་པ་གྲངས་ ༡༡ དང་། འཕྲོད་བསྟེན་ཁྱོབ་ཁོངས་ཡན་ལག་སྨན་ཁང་བཅས་ས་ཁག་ ༡༥ ནས་སྨན་ཞབས་པ་གྲངས་ ༡༥ མི་འགྲོ་ཁག་ཟབ་སྦྱོང་དུ་ངོ་བཅར་ཐུབ་པ་བྱུང་ཡོད། ད་ཐེངས་ཀྱི་ཟབ་སྦྱོང་འདི་བཞིན་རྒས་པ་གསོ་ཐབས་ལྟ་སྐྱོང་ (Geriatric Care) དང་འབྲེལ་བའི་ཟབ་སྦྱོང་ཐེངས་དང་པོ་ཡིན། །

 

Next Prev
Next Prev

Check Also

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་ཀྱི་ཁྲོམ་འདུས།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་མདུན་ཐང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༧ ནས་ ༣༡ བར་དཔེ་དེབ་ཀྱི་ཁྲོམ་འདུས་་ཡིན། སྐབས་དེར་འདི་གའི་སློབ་གཉེར་ཁང་ནས་དཔར་བསྐྲུན་བགྱིས་པའི་དཔེ་དེབ་རྣམས་བརྒྱ་ཆ་...