ཕྱི་རྒྱལ་སྐད་ཡིག་སྡེ་ཚན།
བོད་ཀྱི་དཔེ་མཛོད་ཁང་གི་ཡན་ལག་སྡེ་ཚན་ཁག་གི་ནང་ནས་ཕྱི་རྒྱལ་སྐད་ཡིག་དཔེ་དེབ་སྡེ་ཚན་དེ་བཞིན་གལ་ཆེའི་ཡན་ལག་སྡེ་ཚན་ཞིག་ཏུ་གྲུབ་ཡོད།སྡེ་ཚན་འདི་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུད། ལྟ་གྲུབ། སྨན་གཞུང། དེ་བཞིན་ཧཱི་མ་ལ་ཡའི་ས་ཁུལ་ཁག་གི་ཆབ་སྲིད་དང་རིག་གཞུང་སོགས་ཀྱི་ཐད་ཉམས་ཞིབ་དང་སློབ་སྦྱོང་གནང་སླད་དཔྱད་གཞིའི་ཡིག་ཚགས་དང་དཔེ་དེབ་ཁག་ཉར་ཚགས་དང་སྡུ་རུབ་ཞུ་རྒྱུའི་ཐད་ནུས་པ་ཆེན་པོ་འདོན་བཞིན་ཡོད་། སྡེ་ཚན་འདི་བཞིན་འཕེལ་རྒྱས་ཟམ་མི་ཆད་པ་འགྲོ་བཞིན་ཡོད་པ་དང་བསྟུན་ཉམས་ཞིབ་པ་རྣམས་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བསྒུབ་རྒྱུའི་གཞི་ཙའི་ཞབས་ཞུའི་སྤུད་ཚད་ཡང་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་།
དབྱིན་སྐད་སྡེ་ཚན་ནང་གཙོ་བོ་སྐད་ཡིག་དང་། ལྟ་གྲུབ། སྒྱུ་རྩལ། རིག་གཞུང། གསོ་བ་རིག་པ། ས་ཁམས་རིག་པ། འགྲུལ་བཞུད། བོད་དང་ཧི་མ་ལ་ཡའི་ས་ཁུལ་གྱི་ལོ་རྒྱུས་དང་ཆབ་སྲིད་བཅས་ཀྱི་སྐོར་ལ་དཔེ་དེབ་གྲངས་ ༢༤༥༩༩ ལྷག་གསོག་འཇོག་བྱས་ཡོད། འདི་གའི་དཔེ་དེབ་ཕལ་ཆེ་བ་དབྱིན་ཡིག་ནང་ཡོད་ཅིང་། ཁ་ཤས་ཡོ་རབ་དང་། རྒྱ་གར། དེ་བཞིན་ཉི་ཧོང་། རྒྱ་ནག ཨུ་རུ་སུ། སོག་པོ་བཅས་ཀྱི་སྐད་ཡིག་ནང་ཡོད།
ད་ལྟའི་ཆར་འབྲེལ་ཡོད་གསར་དེབ་དང་དུས་དེབ་གྲངས་ ༨༠ ལྷག་འབྱོར་བ་རྣམས་ཕྱི་ནང་མི་རིགས་ཁག་གི་ཀློག་པ་པོ་མང་པོས་ལོངས་སྤྱོད་བྱེད་བཞིན་ཡོད། དཔར་སྐྲུན་མ་བྱས་ཤིང་དཀོན་རིགས་ཀྱི་དཔེ་དེབ་ཕྱོགས་བསྡུས་མི་ཉུང་བཞིག་དང་། ཁ་ཐོར་དུ་གནས་པའི་བོད་རིགས་སྐོར་གྱི་ཚགས་པར་བཅད་ཤོག་གི་ཡིག་སྣོད། དུས་དེབ་ཕྱོགས་བསྡུས། འགྲེམས་ཡིག་ཡིག་སྣོད། ཡིག་ཆའི་དེབ་ཆུང་སོགས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་པའི་སྤྱི་ཚོགས་དང་འབྲེལ་བའི་ཡིག་རིགས་མང་དག་ཅིག་ཡོད། དེ་དག་ཀྱང་དཀར་ཆག་གི་ལམ་ལུགས་བརྒྱུད་དེ་དྲ་རྒྱའི་སྟེང་ནས་གཟིགས་ཐུབ།
སྡེ་ཚན་འདི་ནས་དཔེ་དེབ་སྐྱོན་ཤོར་ཉམས་ཉེས་མི་ཡོང་བའི་སླད་དེང་དུས་ཀྱི་དཔེ་སྒྲོམ་སྒྲི་གཤོམ་གྱིས་ཉར་ཚགས་བྱེད་བཞིན་ཡོད་པ་དང། དཔེ་མཛོད་ཁང་གཞན་དང་འདི་གའི་དཔེ་མཛོད་ཁང་གི་དབར་གན་རྒྱའི་ལམ་ནས་ཕྱོགས་སོ་སོའི་དཔར་སྐྲུན་བརྗེ་ལེན་བྱས་དང་བྱེད་མུས་ཁར། གན་རྒྱའི་བརྗེ་ལེན་ལས་གཞན་པའི་གཟིགས་སྐོར་དུ་ཕེབས་མཁན་གྱི་མཁས་དབང་དང་ཚོགས་སྡེ་ཁག་ནས་ཀྱང་དཔེ་དེབ་ཞལ་འདེབས་དང་དཔར་ཕུད་འབུལ་མཁན་མང་པོ་ཡོད། དེ་བཞིན་གསར་དུ་ཐོན་པའི་དཔེ་དེབ་ལེགས་གྲས་ཁག་ལོ་ལྟར་བླུ་ཡོན་ཞུ་བཞིན་ཡོད།
དཔེ་མཛོད་ཁང་འདི་ནས་ཕྱི་ནང་མི་རིགས་དབྱེར་མེད་ཀྱིས་དཔེ་དེབ་གཡར་ཕྱོགས་ཀྱི་སྒྲིག་སྲོལ་ལྟར་གཡར་པོ་ཞུ་རྒྱུ་ཡོད།
སྡེ་ཚན་འོག་མ།
རྒྱ་ཡིག་སྡེ་ཚན།
བོད་ཀྱི་དཔེ་མཛོད་ཁང་གི་ལས་གཞི་རྟག་ཏུ་རྒྱ་སྐྱེད་འགྲོ་དང་འགྲོ་བཞིན་པ་དང་དུས་མཚུངས་ལོ་འདིའི་ཟླ་བ་དང་པོའི་ནང་དབྱིན་སྐད་སྡེ་ཚན་གྱི་དོ་དམ་འོག་སྡེ་ཚན་འདི་གསར་དུ་དབུ་འབྱེད་ཞུས་པ་རེད། ལོ་ལྟར་བོད་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། རྒྱ་ཡིག་སློབ་སྦྱོང་བྱས་པ་དང་ཤེས་མཁན་བོད་རིགས་མང་དུ་འགྲོ་བཞིན་ཡོད། དེ་འདྲ་སོང་ཙང་ཁོང་ཚོར་རྒྱ་ཡིག་ལྟ་ཀློག་བྱེད་སའི་མཐུན་རྐྱེན་སྦྱོར་ཆེད་དང༌། ད་དུང་རྒྱ་ནག་གི་སློབ་ཕྲུག་དང་མཁས་དབང་ཚོར་བོད་ཀྱི་ནང་ཆོས་དང་སྐད་ཡིག་སློབ་སྦྱོང་བྱེད་ས་དང༌བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་བྱེད་སའི་ཁོར་ཡུག་ཅིག་བསྐྲུན་ཕྱིར་སྡེ་ཚན་འདི་དབུ་ཕྱེ་བ་ཞིག་ཡིན།
ད་ལྟ་བར་དུ་སྡེ་ཚན་འདིའི་ནང་དཔེ་དེབ་གྲངས་ ༥༩༨༣ ཙམ་ཕྱོགས་བསྡུས་བྱས་ཡོད་པ་ལས་ ༥༠༠༠ ཙམ་དཀར་ཆག་ནང་བཀོད་ཟིན། དེ་དག་གི་ཁྲོད་རྒྱ་ནག་གི་ནང་ཆོས་སྐོར་ཧ་ཅང་མང་པོ་ཡོད་པ་དང་ད་དུང་རྒྱ་ནག་གི་གནའ་བོའི་ལོ་རྒྱུས་ཀྱི་དེབ་དང་གྲགས་ཆེ་བའི་སྒྲུང་དེབ་མི་ཉུང་བ་ཞིག་ཉར་ཚགས་བྱས་ཡོད། དེ་བཞིན་༸གོང་ས་མཆོག་གིས་ལྗགས་རྩོམ་གནང་སྟེ་རྒྱ་ཡིག་ནང་ཕབ་སྒྱུར་ཞུས་པའི་དཔེ་དེབ་གྲངས་ ༡༠༠ སྐོར་ཞིག་བཞུགས་ཡོད།
ད་ལྟའི་ཆར་སྡེ་ཚན་འདིར་དམིགས་ཡུལ་གཉིས་ཡོད་པ་ལས་བོད་དང་འབྲེལ་ཡོད་ཀྱི་དཔེ་དེབ་ཁག་ཕྱོགས་བསྡུས་བྱ་རྒྱུ་དང་རྒྱ་ནག་སྐམ་ས་ཆེན་མོའི་དཔེ་མཛོད་དང་ཐེའི་ལྦན་ནས་འབྱོར་བའི་དཔེ་དེབ་ཁག་ཉར་ཚགས་བྱ་རྒྱུ་ཡིན།
ཕབ་ལེན་བྱེད་ཐུབ་པའི་རྒྱུ་ཆ།
-
ཕྱི་རྒྱལ་སྐད་ཡིག་དཔེ་མཛོད་ཀྱི་དཀར་ཆག ༢༠༢༡