སྟོན་པ་རྗེས་དྲན་གྱི་ཟླ་བ་ལ་འཚམས་འདྲི་བཀྲི་བདེ་ལེགས་གྲངས་མེད་ཞུ།

ས་ག་ཟླ་བ་ཞེས་པ་ནི།
སྐར་རྩིས་པ་རྣམས་ཀྱི་བཤད་སྲོལ་ལ་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་ཟླ་བ་སོ་སོའི་ཚེས་བཅོ་ལྔའི་ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་གང་ཁེལ་བར་གཞིར་བཟུང་སྟེ་ཟླ་བ་དེར་མིང་དེ་ལྟར་བཏགས་པ་ཡིན་ཞིང༌། ཧོར་ཟླ་བཞི་པ་སྟེ་བོད་ལུགས་ཀྱི་ཟླ་བ་བཞི་པའི་ཚེས་༡༥ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་ས་ག་ཡིན་པས་བོད་ཟླ་བཞི་པར་ས་གས་ཉ་བའི་ཟླ་བ་ཞེས་ཟེར། ལྷག་པར་ཚེས་༡༥ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་སྐུ་འཁྲུངས་པ་དང༌། མངོན་པར་སངས་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཏེ། ས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཏེ་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག དགུང་ལོ་སོ་ལྔར་བབ་པ་རྒྱལ་བ་ཞེས་པ་ཤིང་རྟ་ས་ཟླའི་ཡར་ཚེས་བཅོ་ལྔའི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས། དགུང་ལོ་གྱ་གཅིག་ཏུ་ཕེབས་པ་རྣམ་གནོན་ཞེས་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་། ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་ཅིང་། འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་པ་ཞི་བའོ། །ཞེས་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་གསུངས་ཏེ་དོན་དམ་ནམ་མཁའ་མ་ཟད་ཀྱི་བར་དུ་གཟུགས་སྐུའི་བཀོད་པ་དང་། འཕྲིན་ལས་རྒྱུན་ཆད་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་ཚུལ་གྱི་མཛད་པ་བསྟན་པ་དང་གསུམ་བཅས་དུས་ཆེན་ཁྱད་འཕགས་གསུམ་འཛོམས་ཡིན་པས་དེ་ཉིན་བོད་པ་ཚོས་དགོན་པ་དང་གཙུག་ལག་ཁང་ལ་མཆོད་མཇལ་དང་། མཆོད་རྟེན་ལ་སྐོར་བ་བརྒྱབ་པར་འགྲོ་ཞིང་། ལྷ་ལྡན་ཇོ་བོ་ཤཱཀྱ་རྣམ་གཉིས་ཀྱིས་མཚོན་རྩེ་ཤོད་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་རྣམ་པ་གསུམ་གྱིས་མཚོན་དབུས་གཙང་ཁམས་སོགས་ཀྱི་རྟེན་མཆོག་རྣམས་ལ་གཞུང་དང་། དད་ལྡན་ཁག་ནས་ཞལ་གསེར་སྤྱན་འབྱེད་ཟབ་གཟེངས་དང་ལྡན། སྙན་དར། མཆོད་འབུལ། སྨྱུང་གནས་སྲུང་བ། སློང་མོ་བར་སྦྱིན་གཏོང་སོགས་རང་རང་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། ས་ཟླའི་རིང་སྲོག་གཅོད་སྤངས་པའི་ཤ་ཁྲིམས་བསྡམས་ཏེ་དགེ་སྡིག་ཇི་བྱས་འབུམ་འགྱུར་རེད་ཅེས་ཤ་མི་ཟ་མཁན་མང་པོ་ཡོད་ལ་ནག་ཅན་བཙོན་པ་གློད་འགྲོལ། ངན་སློང་ལ་སྦྱིན་གཏོང་། ལྷག་པར་ཚེས་བཅོ་ལྔ་ཉིན་སྲིན་བུས་ཀྱང་ཤ་སྤངས་པའི་ངག་རྒྱུན་ལ་གཞིགས་ཏེ་མི་མང་ཆེ་བས་ཉིན་དེར་ཤ་རིགས་ཟ་ཡི་མེད་པ་རེད་ལ་བཀའ་ཤག་གིས་གཙོས་ཤོད་སྐོར་གཞུང་ཞབས་རྣམས་དང་། མང་ཚོགས་སྟོང་ཕྲག་མང་པོས་རྒན་སྐྱོར་བྱིས་འཁྲིད་ཀྱིས་གླིང་སྐོར་དང་། རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་གཞས་དང་རྣམ་ཐར་གཏོང་བ། ཇ་ཆང་དང་། ཁ་ཟས་སྣ་ཚོགས་འཁྱེར་ནས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དུས་ཆེན་གཏོང་སྲོལ་ཡོད་པ་རེད་ལ་ཉེ་འཁོར་ཡུལ་མི་མང་པོ་གུང་ཐང་མེ་ཏོག་མཆོད་པ་མཇལ་བར་ཡང་འགྲོ་སྲོལ་ཡོད་པ་རེད། མཆོད་འབུལ་སོགས་བྱས་ན་འགྱུར་ཆེད་བརྩི་བའི་ཟླ་བ་དེའི་རིང་དགོན་སྡེ་ཁག་ལྟ་ཅི། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤ་སོགས་དམར་ཟས་སྤངས་ཤིང་དཀར་ཟས་བསྟེན་པའི་གོམས་གཤིས་ཡོད་བཟང་པོ་མི་ཉམས་གོང་འཕེལ་དང་། ཁྱད་པར་དུ་སྡིག་པ་མི་དགེ་བའི་ལས་གང་ཐུབ་སྤོང་རྒྱུ་དང་། དཀར་པོ་དགེ་བའི་ལས་ལ་བརྩོན་པ་གནང་གལ་ཆེ་བ་མ་ཟད་དུས་རྒྱུན་དུའང་དམར་ཟས་སྤོང་མ་ཐུབ་ནའང་ཉུང་ཙམ་བསྟེན་ན་ཚེ་འདིར་ལུས་སེམས་ཀྱི་འཕྲོད་བསྟེན་བཟང་བ་དང་ཕྱི་མར་མི་དགེ་བ་སྤངས་པའི་བདེ་འབྲས་མྱོང་ཐུབ་པའི་ཁྱད་པར་ཆེ་བ་མ་ཟད། ལོ་རེར་སེམས་ཅན་ཐེར་འབུམ་ ༦༠ ཁ་ཟས་ཀྱི་ཆེད་གསོ་སྐྱོང་དང་བསད་ཀྱི་ཡོད་པ་བཤད་ཀྱི་འདུག་ཅིང་། སེམས་ཅན་དེ་དག་ལ་དཀའ་སྡུག་ཇི་ཙམ་མྱོང་མིན་ནི་བཤད་མི་དགོས་པས་དགོངས་བཞེས་གནང་དགོས་རྒྱུ།།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།