ཤར་དབུས་ཡུ་རོབ་ཁུལ་གྱི་དཔེ་མཛོད་ཁང་ ༡༡༣ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འགྲེམས་སྤེལ་ཞུ་རྒྱུ།

༄༅། །སུད་སི་དོན་ཁང་གི་གོ་སྒྲིག་འོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་ཤར་དབུས་ཡུ་རོབ་ཁུལ་གྱི་དཔེ་མཛོད་ ༡༡༣ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འགྲེམས་སྤེལ་ཞུ་ཆེད་དྲ་ཐོག་ལས་རིམ་ཞིག་འཚོགས་གཏན་འཁེལ་ཡོད།

དྲ་ཐོག་གི་ལས་རིམ་དེ་བཞིན་བོད་ཀྱོ་བརྙན་འཕྲིན་ངོ་དེབ་བརྒྱུད་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣༡ རེས་གཟའ་ལྷག་པའི་ཉིན་གྱི་རྒྱ་གར་ནང་གི་ཕྱི་དྲོའི་ཚོུད་ ༧ ནས་ ༨ བར་དང་། ཇི་ནི་ཝའི་ཕྱི་དྲོའི་ཚོུད་ ༣།༣༠ ནས་ ༤།༣༠ བར། ནིའུ་ཡོག་གི་སྔ་དྲོའི་ཚོུད་ ༩།༣༠ ནས་ ༡༠།༣༠ བར་ཐད་སྲིང་ཞུ་གཏན་འཁེལ་ཡོད།

དྲ་ཐོག་གི་ལས་རིམ་ཐོག་གསུང་བཤད་གནང་མཁན་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་ཡིན།

དེ་ཡང་སུད་སི་དོན་ཁང་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་མགོན་པོ་གང་ཉིད་མཆོག་གིས་མཛད་པའི་བདེ་སྐྱིད་ཀྱི་ཐབས་ལམ་(Art of Happiness) དང་། བཙན་བྱོལ་ནང་གི་རང་དབང་། (Freedom in Exile) ཆོས་ལུགས་ཀྱི་མཚམས་ལས་འདས་པ། (Beyond Religion) དེ་བཞིན་དོན་དམ་པའི་ཆོས་ལུགས་མཛའ་འབྲེལ། (Toward a True Kinship of Faith) བཅས་ཤར་དབུས་ཡུ་རོབ་ཁུལ་གྱི་དཔེ་མཛོད་ཁང་ ༡༡༣ ལ་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། དཔེ་མཛོད་ཁང་གྲངས་ ༡༡༣ ལ་ཕྱག་དེབ་བགོ་འགྲེམས་ཞུ་དགོས་དོན་གཙོ་བོ་ནི། མགོན་པོ་གང་ཉིད་མཆོག་བསྟན་འགྲོའི་ཕན་བདེའི་སླད་དགུང་གྲངས་ ༡༡༣ ལྷག་སྐུ་འཚོ་བཞུགས་ཡོང་བའི་སྨོན་ལམ་གསོལ་འདེབས་མཚོན་གྱི་ཡོད་པ་བཅས། །

 

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གཅིག་སྐད་ཡིག་ཟུར་སྦྱོང་ཉིན་དངཔོའི་རྣམ་པ།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གཅིག་སྐད་ཡིག་ཟུར་སྦྱོང་ཉིན་དངཔོའི་རྣམ་པ།