ངག་རྒྱུན་ལོ་རྒྱུས་སྡེ་ཚན།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དགོངས་གཞི་དགོས་པ་བླ་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་གོང་འཕེལ་གྱི་རྨང་གཞིའི་སྲི་ཞུར་དམིགས་ཏེ། ཕྱི་ལོ་ ༡༩༧༠ ལོར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་ཆེད་དུ་རྩ་འཛུགས་བསྐྱངས་པ་ལྟར། བོད་ནང་དུས་འགྱུར་རྐྱེན་དབང་ཤུགས་དྲག་གིས་བོད་བསྟན་སྲིད་མི་རིགས་ལོ་རྒྱུས་གོམས་སྲོལ་དང་བཅས་པར་ཉམས་རྒུད་སྣ་ཚོགས་བྱུང་དང་འབྱུང་མུས་ཐོག རང་རེའི་མཁས་མྱོང་གཉིས་ཅན་གྱི་བགྲེས་སོང་ཁག་རིམ་གཤེགས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་མི་རབས་བརྗེས་དང་བརྗེ་མཚམས་སུ་གཏུགས་པ་སོགས་བློས་འགན་བཟོད་བྲལ་གྱི་གནས་ལ་བརྟེན། ༡༩༧༦ ལོར་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ཞེས་ཟུར་བཙུགས་གནང་དོན་རྒྱ་བལ་འབྲུག་གསུམ་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང༌། ཧི་མཱ་ལ་ཡའི་རི་རྒྱུད་སོགས་བོད་མིའི་འདུ་སྡོད་གནས་ཡུལ་གང་སར་འདི་གའི་ལས་བྱེད་ཆེད་བཅར་གྱི་ལམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁོངས་སེར་སྐྱ་ཞི་དྲག་མི་སྣ་རྒན་རབས་རྣམས་ཀྱི་ཞལ་རྒྱུན་དུ་གནས་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། ཡུལ་དགོན་མཁར་རྫོང་གི་ཆགས་རབས། རིས་མེད་སྐྱེས་ཆེན་དང་གྲུབ་ཐོབ་རྣལ་འབྱོར་ཕོ་མོའི་མཛད་པ་རྣམ་ཐར། གསང་སྔགས་ཐུན་མོང་མ་ཡིན་པའི་དབང་བཀའ་དང་མན་ངག་ཟབ་ཁྲིད། གདན་ས་ཆོས་བརྒྱུད་མ་ལག་སོ་སོའི་མདོ་སྔགས་ཕྱག་བཞེས་ཆོག་རྒྱུན། ཆབ་སྲིད་ཞི་དྲག་གི་སྣེ་མོ་བ་དང་དཔོན་བརྒྱུད། རིག་གནས་དང་ལག་རྩལ་མཁས་པ་སོགས་མི་སྣ་གྲགས་ཅན་རིགས་ཀྱི་ལོ་རྒྱུས། གཏེར་དངོས་ཁྱད་ནོར་དང་ལག་རྩལ་ཐོན་ཁུངས། ཡུལ་ལུང་ཡས་མས་སོ་སོའི་དུས་སྟོན་ཁག ནམ་དུས་དང་འབྲེལ་བའི་ཞིང་འབྲོག་འཚོ་བའི་ལས་རྩོལ་རྣམ་གྲངས། གཉེན་སྒྲིག་ལམ་སྲོལ། བླ་སློབ་རིམ་བརྒྱུད་དང་ཕ་ཚེ་བུ་རབས་སུ་བརྒྱུད་པའི་ཆོས་སྲིད་ལས་འབྲས་དང༌མི་སྤྱོད་ཡ་རབས་སུ་སྤྱོད་པའི་ཟབ་གནད་སྟོན་པའི་གདམས་ངག་ཞལ་རྒྱུན། སྒོ་ཟོག་སེམས་ཅན་སྐྱེ་འཕེལ་སྐྱོང་གསུམ་སྐོར། བོད་རྒྱལ་ཁབ་ཆེན་པོའི་མཐའ་དབུས་ཁོར་ཡུག་གི་གནས་བབས། རི་ཀླུང་སྐམ་གཤེར་དུ་གནས་པའི་སྲོག་ཆགས་སྤྱི་སྒོས་ཀྱི་རྣམ་གྲངས། བོད་ཀྱི་ཐུན་མིན་རྩེད་མོའི་རྣམ་གྲངས་དང་རྩལ་སྦྱོང༌། ཡུལ་ལུང་སོ་སོའི་ཕོ་མོའི་ཆས་གོས་དང། རྒྱན་ཆ། ལྷག་པར་གཞས་སྣ་དང་བཤད་པའི་རྣམ་གྲངས་སོགས་རང་ཆས་སུ་ཡོད་པའི་གོམས་གཤིས་བཟང་པོ་རྣམས་སྔོན་རྗེས་རྒྱུན་མཐུད་ཡོང་སླད་བརྙན་དཔར་སྒྲ་བཅུག་གིས་ཉར་ཚགས་གསོག་སྒྲུབ་དང། རིམ་པས་དཔར་གཞིར་འགོད་རྒྱུའི་ཆ་རྐྱེན་ཚང་བ་རྣམས་ལོ་རྒྱུས་གསུང་པ་པོ་སོ་སོས་མྱོང་རྒྱུས་དགོངས་ཚུལ་ཇི་གསུངས་སོར་བཞག་ཐོག་ཡིག་འབེབས་དག་ཞུ་མཐིལ་ཕྱིན་དང་སྦྲགས་ཕྱོགས་སྒྲིག་ཞུས་ཏེ། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་དཔྱད་གཞིའི་སླད་དེབ་ཕྲེང་རིམ་མཐུད་དཔར་འདོན་ཐུབ་ཐབས་ཁུར་བརྩོན་ཞུས་དང་ཞུ་མུས།
ཚོགས་མི།
[show-team orderby=’date’ category=’%e0%bd%84%e0%bd%82%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%b4%e0%bd%93%e0%bc%8b%e0%bd%a3%e0%bd%bc%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%b4%e0%bd%a6%e0%bc%8b%e0%bd%a6%e0%be%a1%e0%bd%ba%e0%bc%8b’ layout=’grid’ style=’img-rounded,img-white-border,text-left,img-above,3-columns’ display=’photo,position,name’]ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་དཔེ་དེབ་དཔར་སྐྲུན་ཞུས་རིགས་ཀྱི་དཔེ་དེབ་དཀར་ཆག
མཆན།
དཔེ་དེབ་གང་རུང་ཞིག་གི་རྩོམ་པ་པོའམ་དེབ་མིང་འདིར་བཀོད་ན་དྲྭ་ཐོག་གི་དཀར་ཆག་འདི་བརྒྱུད་ནས་དེབ་དེ་ཡོད་མེད་འཚོལ་ཐུབ།
གལ་ཏེ་དཔེ་དེབ་བྱེ་བྲག་ཅིག་འཚོལ་རྒྱུ་ཡིན་ན་དཔེ་དེབ་དེའི་དེབ་ཕྲེང་ཨང་གྲངས་ང་ཚོར་གནང་ན་ང་ཚོས་སྟབས་བདེའི་ངང་དཔེ་དེབ་དེའི་གནས་ཚུལ་མཁོ་སྒྲུབ་ཞུས་ཆོག