༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དྲ་གླེང་ལས་རིམ་གོ་སྒྲིག་ཞུ་གཏན་འཁེལ་བ།

༄༅། །བཀའ་ཤག་གིས་ཕྱི་ལོ་ ༢༠༢༠ འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་བཞིའི་ཐོག་ནས་ད་བར་འཛམ་གླིང་སྤྱི་དང་ལྷག་པར་རང་ཅག་ཁ་བ་རི་པ་རྣམས་བུ་གཅིག་པའི་མ་ལྟར་ཐུགས་བརྩེ་ཆེན་པོས་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ལ་བཀའ་དྲིན་བསམ་ཤེས་ཀྱིས་མགོན་པོ་གང་ཉིད་ལ་བཅོས་མིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་དེ་ལྟར་ནའང་། བར་ལམ་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་མི་མང་གི་འགྲོ་འོང་ལ་གཞུང་གིས་དམ་བསྒྲགས་མ་བྱས་ཐུ་མེད་ཆགས་སྟབས། དྲ་ལམ་ནས་བགྲོ་གླེང་གནང་སྲོལ་དེ་བཞིན་རྒྱན་ལྡན་གསར་པ་ཞིག་ཆགས་ཡོད། དེར་བརྟེན་ཐེངས་འདིར་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དྲ་གླེང་ཞིག་གོ་སྒྲིག་ཞུ་གཏན་འཁེལ་ཞིང་། བགྲོ་གླེང་ཞུ་ཡུལ་ནི་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་༸སྐུའི་གསུང་སྒྱུར་ཟུར་པ་དགེ་བཤེས་ལྷག་རྡོར་མཆོག་ཡིན་འདུག

བགྲོ་གླེང་ཐད་གཏོང་གནང་དུས་ཕྱི་ཚེས་ ༧ རེས་གཟའ་ཉི་མ། རྒྱ་གར་ནང་ཕྱེད་ཡོལ་ཆུ་ཚོད་ ༧ ནས་ ༨ བར་ཡིན་འདུག སུད་སི་ནང་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ནས་ ༤།༣༠ ནིའུ་ཡོག་གི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་ཡིན་འདུག

བགྲོ་གླེང་ལས་རིམ་བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ་བརྒྱུད་གསན་གཟིགས་ཐུབ། དུས་ཚོད་འདང་ངེས་བྱུང་ན་ཟུར་ཉན་པར་དྲི་བ་ཞུ་རྒྱུའི་གོ་སྐབས་ཀྱང་འབུལ་རྒྱུ་ཡིན་འདུག

དེའི་སྐོར་ལ་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་དོན། བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོ་ཡིན་སྟབས་ལས་འགུལ་སྣ་མང་སྤེལ་རྒྱུར་འཆར་གཞི་བང་བསྒྲིགས་ཡོད། འོན་ཀྱང་ཏོག་དབྱིབས་ནད་ཡམས་དེ་ལ་བརྟེན་ནས་འཆར་གཞི་ཁག་ཅིག་ལ་བསྐྱར་ཞིབ་བྱ་དགོས་བྱུང་། ཐེངས་འདིར་དྲ་རྒྱའི་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མི་མང་སྤྱི་དང་། ལྷག་པར་རང་ཅག་ཁ་བ་རི་པ་རྣམས་ལ་ལྷག་པར་དུ་བཀའ་དྲིན་ཆེ་བའི་རླབས་ཆེན་གྱི་མཛད་འགན་བཞིའི་སྐོར་སོགས་བགྲོ་གླེང་ཞུ་གཏན་འཁེལ་ཡོད། ཅེས་གསུངས། །

 

Next Prev
Next Prev

Check Also

ཕྱི་ལོ་༢༠༢༤ ལོའི་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་འཛིན་གྲྭའི་ལོ་འཁོར་ཕྱི་རོལ་ལས་རིམ།

ཕྱི་ལོ་༢༠༢༤ ལོའི་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་འཛིན་གྲྭའི་ལོ་འཁོར་ཕྱི་རོལ་ལས་རིམ།