གང་ཟག་སོ་སོའི་གཤིས་རྒྱུད་དང་། མི་རིགས་བྱེ་བྲག་པ་ཞིག་གི་ངོ་བོ་དང་འབྲེལ་ནས་ཡོད་མེད་ལ་མ་བལྟོས་པར་རིག་གཞུང་དང་ཆོས་ཕྱོགས་ཀྱི་སློབ་གཉེར་ནི་འགྲོ་བ་མི་ཀུན་ལ་བདག་པ་ཞིག་ཡིན། མི་རིགས་ཀྱི་ཐུན་མོང་ངོ་བོ་ཞིག་དང་འབྲེལ་ནས་ཡོད་པ་དེ་དག་གིས་ཐབས་ཤེས་ཡོད་རྒུ་སྣ་ཚོགས་ཀྱིས་སོ་སོའི་རིག་གཞུང་དང་ཆོས་སྲུང་སྐྱོབ་བྱེད་པ་འདིས། སོ་སོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པ་ཙམ་མིན་པར་འགྲོ་བ་མིའི་ཐུན་མོང་གི་གཅེས་ནོར་སྲུང་སྐྱོབ་དང་། རྒྱུན་འཛིན་ཡང་བྱེད་ཐུབ་ཀྱི་ཡོད། དེ་ལྟ་བུའི་ཡང་དག་པའི་དམིགས་ཡུལ་ཞིག་གི་ཐོག་ནས་ང་ཚོ་བོད་མི་ཚོས་སོ་སོའི་རིག་གཞུང་དང་། ཆོས་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་འགོ་བཙུགས་ཡོད། འདི་ནི་མི་རིགས་སོ་སོར་གཏོགས་པའི་སྡེ་ཁག་ཆེ་ཆུང་འདྲ་མིན་ནས་རིག་གཞུང་གི་གཅེས་ནོར་སྲུང་སྐྱོབ་བྱེད་པའི་འབད་བརྩོན་གྱི་རྒྱུད་རིམ་གྱི་ཆ་ཤས་ཤིག་ཡིན།
ང་ཚོའི་རིག་གཞུང་གི་ཁྱད་ཆོས་གཙོ་བོ་དེ་ནང་ཆོས་ཀྱི་ཐོག་ལ་གཞི་རྩ་བྱས་ཡོད། ནང་ཆོས་ནི་ཐོག་མར་རྒྱ་གར་ནང་བྱུང་སྟེ། རིམ་པས་འཛམ་གླིང་ནང་གི་རླབས་ཆེན་ཆོས་ལུགས་ཁག་གི་ཡ་གྱལ་དུ་གཟེངས་སུ་ཐོན་པ་དང་། ཨེ་ཤི་ཡའི་ནང་ཆོས་ལུགས་འདི་རྗེས་འབྲང་པ་ཡིན་ཟེར་མཁན་ས་ཡ་ཁ་ཤས་ཡོད། ནང་ཆོས་ནི་ཚན་རིག་དང་མཐུན་པའི་ལྟ་གྲུབ་དང་ཆོས་ཟུང་སྦྲེལ་གྱི་རྩ་བའི་སྒྲོམ་གཞི་ཞིག་ཆགས་ཏེ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ནི་ཧ་ཅང་གཏིང་ཟབ་པོ་དང་ཞིབ་ཚགས་པོ་ཡོད། ནང་པའི་ལྟ་གྲུབ་དང་རིག་གཞུང་ཆ་ཚང་བ་འགྲེལ་བཤད་རྒྱག་ཐུབ་མཁན་དང་། དེའི་ཟབ་ཅིང་རྒྱ་ཆེ་བའི་གནད་རྣམས་ཉམས་ལེན་དངོས་ཀྱི་ནང་སྒྲིལ་ཐུབ་མཁན་དེ་འཛམ་གླིང་ནང་ཧ་ལམ་བོད་གཅིག་པུ་ཡིན་རྒྱུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལྟ་གྲུབ་འདི་དག་གཅེས་སྲུང་དང་། དར་སྤེལ། རྒྱུན་འཛིན་བཅས་བྱེད་རྒྱུའི་རླབས་ཆེན་གྱི་ལས་འགན་ཞིག་བོད་མིའི་ཕྲག་སྟེང་དུ་འཁྲིས་ཡོད། རླབས་ཆེན་གྱི་ལས་འགན་དེའི་ཆ་ཤས་ཤིག་སྒྲུབ་སླད་བོད་ཀྱི་དཔེ་མཛོད་ཁང་འདི་གསར་འཛུགས་བྱས་པ་ཞིག་ཡིན་པས་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
མི་ཁ་ཤས་ཀྱིས་སློབ་གཉེར་ཁང་གཞན་མང་པོ་ཡོད་བཞིན་དུ་དྷརྨ་ཤཱ་ལཱར་བོད་རིག་པའི་རིག་གཞུང་བསྟི་གནས་ཁང་ཞིག་བཙུགས་ན་ཕན་ཐོགས་གང་ཡོད་ཅེས་གླེང་སྲིད། ལྡི་ལི་གསར་པར་རྟེན་གཞི་བྱས་པའི་བོད་ཁང་ནང་དཔེ་མཛོད་ཁང་དང་། སྒང་ཐོག་ཏུ་རྟེན་གཞི་བྱས་པའི་འབྲས་ལྗོངས་ཞིབ་འཇུག་བསྟི་གནས་ཁང་ལྟ་བུའི་བསྟི་གནས་མི་ཉུང་བ་ཞིག་སྔ་ས་ནས་ཡོད། ༸པན་ཆེན་རིན་པོ་ཆེ་དང་ངེད་གཉིས་ལ་ཞིབ་འཇུག་བསྟི་གནས་ཁང་དེའི་རྩིག་རྨང་འདིང་རྒྱུའི་གོ་སྐབས་བྱུང་ལ། དེ་བཞིན་རྒྱ་གར་གྱི་ས་ཁུལ་འདྲ་མིན་དུ་བོད་རིག་པའི་བསྟི་གནས་དེ་རིགས་སྔ་ས་ནས་ཡོད་པའི་ཁར། ད་དུང་མང་ཙམ་བྱུང་ན་དགེ་མཚན་ཆེ་བ་ཡོད། རིག་གཞུང་གི་བསྟི་གནས་ཇི་ཙམ་གྱིས་མང་བ་དེའི་ཚོད་ཀྱིས་རིག་གཞུང་དང་། སློབ་གཉེར་གྱི་བསྟི་གནས་འཕེལ་རྒྱས་ཕྱིན་ཏེ། རྒྱུད་རིམ་དེའི་ཁྲོད་ནས་རིག་གཞུང་དེ་ཉིད་ཕྱུག་ཏུ་འགྲོ་བ་དང་། ཡར་རྒྱས་ཚགས་ཚུད་པོ་ཞིག་མངོན་གྱུར་མྱུར་བརཡོང་བ་བྱེད་དགོས་པ་ལས། ཡལ་ག་མེད་པའི་ཤིང་སྡོང་ཞིག་ཡོང་མི་སྲིད།
ཡང་ཁག་གཅིག་གིས་ང་ཚོར་མ་དངུལ་མེད་པ་ཤེས་བཞིན་དུ་དེ་ལྟའི་ལས་གཞི་གཉེར་ན་དོན་མེད་པའམ་ཕན་ཐོགས་ཇི་ཡོད་ང་ཚོས་ཤེས་ཀྱི་མེད་ཅེས་བརྗོད་སྲིད་ལ། དེ་ལྟར་ཡིན་ཡང་སྲིད། འོན་ཀྱང་སོ་སོར་གཡོ་བ་མེད་པའི་འདུན་པ་ཡོད་ན་སྒྲུབ་མི་ཐུབ་པ་མེད། མཐུན་རྐྱེན་དང་མ་དངུལ་མི་འདང་བའི་དཀའ་ངལ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ད་དུང་ང་ཚོས་དྷ་རམ་ས་ལར་རིག་གཞུང་བསྟི་གནས་ཁང་ཞིག་མངོན་གྱུར་ཡོང་རྒྱུར་རིག་པ་རྩེ་གཅིག་ཏུ་སྒྲིམ་གྱི་ཡོད། དེའི་རྒྱབ་ཏུ་སྐབས་དོན་དང་འབྲེལ་བའི་དགོས་པ་རྒྱུ་མཚན་ཡོད། རྒྱ་གར་དང་འཛམ་གླིང་གི་ས་ཁུལ་གཞན་ནང་ཡོད་པའི་རིག་གཞུང་བསྟི་གནས་ཁང་དང་དཔེ་མཛོད་ནང་བོད་ཡིག་དཔེ་དེབ་དང་། ཕྱག་དཔེ། གསར་དུ་དཔར་སྐྲུན་ཞུས་པའི་དེབ་སོགས་ཕྱོགས་སྒྲིག་བྱས་ཏེ་ཉར་ཚགས་ཞུས་ཡོད།
དེ་དག་ལ་བརྟེན་ནས་སློབ་ཚན་བྱེ་བྲག་ཅིག་ལ་སློབ་སྦྱོང་བྱེད་རྒྱུ་དང་ཞིབ་འཇུག་བྱེད་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད། དེ་ལྟ་ནའང་། ཆོས་ཕྱོགས་ཀྱི་སློབ་གཉེར་ནི་ཤེས་བྱ་ཙམ་གྱི་ཆེད་དུ་མིན། གལ་སྲིད་ཆོས་ཕྱོགས་ཀྱི་སློབ་གཉེར་ནང་ཤེས་བྱ་ཡར་རྒྱས་དང་། དཔེ་དེབ་ཀློག་རྒྱུ། མཁས་པའི་འགྲེལ་བཤད་ཉན་ཏེ་གོ་བསྡུར་ཙམ་བྱེད་རྒྱུ་བཅས་ཡིན་ན། དེ་ཙམ་གྱིས་འགྲིག་ངེས་ཡིན། འོན་ཀྱང་དེས་ཆོས་ཀྱི་མཚན་ཉིད་ཆ་ཚང་བ་རྫོགས་ཀྱི་མེད། ཆོས་ཞེས་རྗོད་སྐབས་སློབ་སྦྱོང་བྱས་ནས་དེའི་གོ་དོན་རྟོགས་པ་ཙམ་མ་ཡིན་པར། ཉམས་ལེན་ནང་སྒྲིལ་དགོས་པ་ལས། ཆོས་ཀྱི་གོ་དོན་རྟོགས་པ་ཙམ་གྱིས་འདང་གི་མེད། ངེས་པར་དུ་མྱོང་བ་ཐོན་པ་ཞིག་དགོས། ལྟ་ཚུལ་དེའི་ཐོག་ནས་དྷརྨ་ཤཱ་ལཱར་བཙུགས་པའི་རིག་གཞུང་བསྟི་གནས་ཁང་དང་། རྒྱ་གར་གྱི་ས་ཁུལ་གཞན་དུ་ཡོད་པའི་བསྟི་གནས་ཁང་དབར་ཁྱད་པར་ཆེན་པོ་ཡོད། དཔེར་ན། ལྡི་ལི་གསར་པར་ཡོད་པའི་བོད་ཁང་ནང་དཔེ་དེབ་ཕུན་སུམ་ཚོགས་པའི་དཔེ་མཛོད་ཁང་དང་། དེ་དག་འགྲེལ་བཤད་རྒྱག་མཁན་ཡང་ཡོད། འོན་ཏེ་དཔེ་མཛོད་དེས་འཁྱུག་ཙམ་རིང་འགྲོ་འོང་བྱེད་ཅིང་། དུས་ཀྱི་ཁོམ་པ་མེད་པའི་ལྟ་སྐོར་བ་རྣམས་ཀྱི་འདོད་པ་དང་འདུན་པ་སྐོང་རྒྱུ་ཙམ་ལས་དེ་ལས་རྒྱ་ཆེ་བའི་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད།
ཆོས་ཀྱི་ཤེས་བྱ་ཞེས་བརྗོད་སྐབས། ནང་དོན་ལ་འོལ་སྤྱི་ཙམ་གྱི་གོ་བ་བླངས་ན་མི་འགྲིག་པར། ངེས་པར་དུ་དེའི་སྙིང་པོ་ཆ་ཚང་རྟོགས་པ་ཞིག་དགོས། དེའི་ཕྱིར་ཁ་ཡམ་མེ་བ་དང་། ཤོག་ལྷེར་མིག་ཤར་ཙམ་བྱས་ཏེ་དཔེ་དེབ་ལྟ་ཀློག་བྱས་པས་མི་འགྲིག །ལོ་དང་ཟླ་བ་བསྟུད་དེ་སྙུགས་བསྲིངས་ནས་སློབ་སྦྱོང་བྱས་ཏེ་ཧ་གོ་བ་བྱས། མྱོང་བ་ཐོན་པ་ཞིག་དགོས་པ་དང་། དེ་བཞིན་སློབ་ཚན་དེའི་ཐད་མྱོང་འདྲིས་ཡོད་པའི་མཁས་པ་ཞིག་དང་གོ་བསྡུར་བྱས་ཏེ་བློ་སྐྱེད་ལེན་དགོས། དེའི་ཐད་བོད་མི་གང་ལ་གང་འཚམ་མང་པོ་ཡོད་པའི་དྷརྨ་ཤཱ་ལཱའི་ས་གནས་འདི་ཧ་ཅང་འཚམ་པོ་ཡོད། ས་གནས་འདི་བསིལ་པོ་དང་མཛའ་སེམས་ཀྱི་ཁེངས་པའི་ཁོར་ཡུག་ཅིག་ཡིན་པའི་ཁར། ཉམས་རྟོགས་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་བོད་པའི་མཁས་དབང་མང་པོ་བཞུགས་ཡོད། དེར་བརྟེན། བོད་ཀྱི་དཔེ་མཛོད་ཁང་འདིས་སྲི་ཞུའི་ལས་དོན་སྒྲུབ་འགོ་བཙུགས་ན། མི་རྣམས་ཀྱིས་དྷརྨ་ཤཱ་ལཱར་ཡོང་སྟེ་དཔེ་མཛོད་ནང་བཞུགས་པའི་དཔེ་དེབ་རྣམས་ལ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད།
གལ་སྲིད་རང་ཉིད་ལ་དོན་གཉེར་གྱི་འདུན་པ་ཡོད་ན། ད་དུང་ཉེ་འཁོར་དུ་བཞུགས་པའི་མཁས་དབང་རྣམས་ཀྱི་དྲུང་ནས་བློ་སྐྱེད་ལེན་རྒྱུའི་གོ་སྐབས་ཡོད་པས། མགོ་རྙོག་པོའམ་ཁག་པོ་གང་ཡང་བྱེད་དགོས་དོན་མེད། ག་དུས་ཡིན་ཡང་ཁོར་ཡུག་བཟང་པོ་དང་། མཁས་པ་རྣམས་ཀྱིས་རོགས་རམ་དང་ལམ་སྟོན་བྱེད་ཀྱི་རེད། དེ་ལྟར་བོད་ཀྱི་རིག་གཞུང་དང་། ལྟ་གྲུབ་ཀྱི་རྣམ་དཔྱོད་ཐད་རང་ལ་ཤེས་བྱ་ཆ་ཚང་བ་ཞིག་འཐོབ་ཐུབ། དྷརྨ་ཤཱ་ལཱའི་བོད་ཀྱི་དཔེ་མཛོད་ཁང་འདི་གསར་འཛུགས་བྱེད་རྒྱུའི་ངོས་ཀྱི་འཆར་གཞི་འདི་ཡང་རྩ་བའི་ཆ་ནས་དམིགས་ཡུལ་དང་། དགོས་པ་དེ་དག་གི་ཐོག་ལ་གཞི་བྱས་ཏེ་བྱུང་བ་ཞིག་ཡིན།
བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་བྱེད་རྒྱུའི་ལས་འཆར་འདི་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་རེད། སྔོན་མ་ང་ཚོས་གཞི་རྒྱ་ཆེ་བའི་ལས་འཆར་ཁ་ཤས་འགོ་འཛུགས་ཞུས་ཀྱང་དེ་དག་ཚང་མ་ལེགས་སྒྲུབ་བྱུང་མེད། གང་ཡིན་ཞེ་ན། འཆར་གཞི་ཡག་པོ་མ་བྱུང་བའི་ཁར་ལས་གཞི་དེ་ཉིད་གཞི་རྒྱ་ཆེན་པོ་རེད། ད་ལྟའི་ང་ཚོའི་ལས་འཆར་འདི་ལ་དེ་ལྟའི་བྱུས་ཉེས་ལྟ་བུ་བྱུང་ན་སེམས་སྐྱོ་དགོས་པ་ཞིག་ཆགས་ངེས་རེད། འོན་ཀྱང་། ང་ཚོ་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཧུར་ཐག་འབད་ཐག་བྱས་ན། དཔེ་མཛོད་ཀྱི་ལས་འཆར་འདིར་ལམ་ལྷོང་ཡོང་རྒྱུར་ངོས་ལ་ཡིད་ཆེས་ཡོད། ད་ལྟ་བར་གྱི་ང་ཚོའི་འབད་བརྩོན་དང་། དེ་ལ་བརྟེན་པའི་ཡར་རྒྱས་རྣམས་རྒྱུ་མཚན་ལྡན་པ་དང་། འདོད་པ་ཁེངས་ངེས་ཤིག་བྱུང་ཡོད། དེར་བརྟེན་དཔེ་མཛོད་ཁང་འདི་འཛུགས་སྐྲུན་ཐད་རོགས་རམ་གནང་མཁན་ཚོགས་པ་དང་། སྒེར་པ་རྣམས་ལ་ངོས་ཀྱིས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
ང་ཚོའི་ལས་དོན་ནི་རྩ་བའི་ཆོས་ཀྱི་དམིགས་ཡུལ་དང་མཐུན་པའི་དགེ་བའི་བྱ་བ་ཞིག་ཡིན། དེ་ཡང་ཀུན་སློང་རྣམ་པར་དག་པའི་ཚོགས་པ་དང་། མི་སྒེར་པ་རྣམས་ཀྱི་རོགས་རམ་དང་མཐུན་འགྱུར་ལ་བརྟེན་ནས་བྱུང་ཞིང་། ལས་དོན་འདིའི་དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་བོད་ཀྱི་རིག་གཞུང་དང་། ལྟ་གྲུབ་མ་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱས་ཏེ་གོང་ནས་གོང་དུ་སྤེལ་རྒྱུ་དེ་ཉིད་ཡིན། ཀུན་སློང་གཙང་མ་དང་བཟང་པོ་ཡོད་ཚེ། ལེགས་སྒྲུབ་ཡོང་ངེས་ཡིན། བོད་ཀྱི་རིག་གཞུང་དང་སངས་རྒྱས་ཀྱི་བསྟན་པ་འདི་ལ་བརྟེན་ནས་འཛམ་གླིང་ནང་ཕན་ཐོགས་རྒྱ་གང་ཆེ་ཡོང་བ་བྱེད་རྒྱུ་ནི་ངོས་ཀྱི་སེམས་གཏིང་གི་རེ་བ་ཡིན།།