གཙོ་ངོས། / སྒྲ་བརྙན་སྡེ་ཚན།

སྒྲ་བརྙན་སྡེ་ཚན།

རྗེས་མ། སྔོན་མ།







རྗེས་མ། སྔོན་མ།

སྒྲ་བརྙན་སྡེ་ཚན།

སྡེ་ཚན་འདི་ནི་ཕྱི་ལོ་ ༡༩༧༦ ལོར་དབུ་འཛུགས་གནང་ཞིང། དེའི་དམིགས་ཡུལ་གཙོ་བོ་འཛམ་གླིང་ནང་ངོམས་སུ་ཆོག་པའི་རང་རེ་བོད་མིའི་གནའ་རབས་སྲོལ་རྒྱུན་ཆོས་དང་རིག་གཞུང་སོགས་ཁྱད་ནོར་བཟང་པོ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་སླད་བདག་ཉར་གཅེས་གསོག་གི་ལམ་ནས་ལོ་རྒྱུས་ལ་དོ་སྣང་དང་དོན་གཉེར་བྱེད་མཁན་ཚོར་མཁོ་སྤྲོད་བྱེད་པ་དང། འབྱུང་འགྱུར་བློ་གསར་གཞོན་ནུ་ཚོར་བརྒྱུད་སྤྲོད་ཐུབ་པ་བྱེད་བཞིན་ཡོད།

ལོ་རྒྱུས་བདག་ཉར་བྱས་ཁོངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྩལ་བའི་གསུང་ཆོས་དང་བཀའ་སློབ། བཀའ་དབང། ལྗགས་ལུང་། གཞན་ཡང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་གསུང་ཆོས་དང། དཔེ་ཁྲིད། དེ་དག་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་འདོན་རྟ་དབྱངས། བོད་ཀྱི་རྒྱལ་རབས་ལོ་རྒྱུས། བོད་མི་སྙན་གྲགས་ཅན་གྱི་མཛད་རྗེས། བོད་ཀྱི་གནའ་རབས་གླུ་གཞས། བོད་ལུགས་ཕོ་མོའི་ཆས་གོས་དང་རྒྱན་ཆའི་སྐོར། བོད་དམག་གི་ལོ་རྒྱུས། ལག་ཤེས་སྐོར། ཡུལ་ལུང་སོ་སོའི་བཤད་པ། སྒྲུང་གཏམ་སོགས་བོད་མི་རྒན་རབས་རྣམ་པའི་ཞལ་རྒྱུན་ཁོ་ནར་གནས་པ་རྣམས་སྒྲ་སྡུད་འཁོར་ཐག་ནང་སྒྲ་འཇུག་གང་ཐུབ་ཞུས་ཏེ་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཁག་ནང་ཉར་ཚགས་སྲུང་སྐྱོབ་བྱས་དང་བྱེད་མུས། དེ་མཚུངས་མཁས་དབང་རྣམ་པའི་བགྲོ་གླེང་དང་། ཚོགས་འདུ། བརྡ་སྤྲོད་དང་སྙན་ངག སྨན་རྩིས། ཚན་རིག བོད་དོན་དང་འབྲེལ་བའི་སྐོར་སོགས་སྒྲ་འཇུག་དང་བརྙན་དཔར་གྱི་ལམ་ནས་བདག་ཉར་གཅེས་གསོག་ཞུ་བཞིན་པ་དང། ད་ཡོད་སྒྲ་འཇུག་ཞུས་པའི་འཁོར་ཐག་དང་བརྙན་འཕྲིན་རྣམས་སྒྲ་བརྙན་འོད་སྡེར་ནང་ཕབ་བཤུ། སྒྲ་འཇུག་རྙིང་པ་རྣམས་གློག་ཀླད་ནང་སྤོ་བཤུ་བྱེད་བཞིན་པ་མ་ཟད་ངོ་བཤུས་དང་སྦྲགས་ཉར་ཚགས་ཞུ་མུས་ལྟར་ད་ཆ་དུས་ཡུན་ཆུ་ཚོད། ༦༠༥༠༠ ལྷག་ཙམ་གྱི་སྒྲ་འཇུག་དང་བརྙན་དཔར་མཁོ་སྒྲུབ་ཐུབ་པ་བྱུང་ཡོད།

སྒྲ་འཇུག་ཞུས་པའི་འཁོར་ཐག་དང་འོད་སྡེར་ཇི་ཡོད་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་གཞའ་ཚན་དང། རླན་གཤེར། ཚ་གྲང་། ཐལ་རླུང་སོགས་ལས་སྲུང་སྐྱོབ་ཐུབ་ཆེད་ཁང་མིག་གཅིག་ཟུར་དུ་བདག་ཉར་གྱིས་དྲོད་སྙོམ་འཕྲུལ་ཆས་ཀྱི་མཐུན་རྐྱེན་འོག་སྲུང་སྐྱོབ་བྱེད་བཞིན་པ་ཡིན།

ཕྱི་ལོ་ ༢༠༠༦ ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭའི་གསུང་ཆོས་ཁག་སྒྲ་འཛིན་འོད་སྡེར་ནང་བཅུག་སྟེ་དོན་གཉེར་ཅན་ཚོར་སྤུས་གཟིགས་ཞུ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་དང། མ་ཟད་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭའི་གསུང་ཆོས་ཐད་ཀར་རྒྱང་བསྲིང་ཞུས་ཏེ་དོན་གཉེར་ཅན་རྣམས་ཀྱིས་འདི་གའི་དྲྭ་རྒྱ་བརྒྱུད་གསན་རྒྱུ་དང་ཆབས་ཅིག་སྒྲ་འཇུག་ཕབ་ལེན་ཡང་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད། སྒྲ་འཇུག་དང་བརྙན་འཕྲིན་འོད་སྡེར་ཉར་ཚགས་ཞུས་པ་རྣམས་ཉན་ཞིབ་དང་ངོ་བཤུས་བྱེད་འདོད་ཡོད་རིགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་སྒྲིག་གཞི་དང་མཐུན་པར་ངོ་བཤུས་སོགས་བྱེད་རྒྱུའི་གོ་སྐབས་འབུལ་བཞིན་ཡོད།

ཉེ་ཆར་འདི་ག་སྡེ་ཚན་ནས་སྒྲ་འཇུག་ཉར་ཚགས་ཞུས་ཁོངས་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་གོང་མའི་གསུང་དང་། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སྐུ་གོང་མའི་གསུང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསུང་ཆོས་ཁག རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་སྐོར། སྐུ་ངོ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དང་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་རིན་པོ་ཆེ་མཆོག་གི་སྙན་ངག་མེ་ལོང་གི་དཔེ་ཁྲིད། བགོས་པདྨ་རྒྱལ་མཚན་མཆོག་གིས་དཔེ་ཁྲིད་གནང་བའི་བོད་ཀྱི་བརྡ་སྤྲོད་དང་རིག་གནས་སྐོར། བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭའི་གསུང་ཆོས་ཁག དེང་དུས་བོད་ཀྱི་སྐད་ཡིག་ངོ་སྤྲོད་བཅས་མི་ཉུང་བ་ཞིག་སྒྲ་འཇུག་འོད་སྡེར་ནང་ཕབ་བཤུས་ཞུས་པ་རྣམས་དོན་གཉེར་ཅན་ཚོར་རིན་གོང་སྙོམ་པོའི་ཐོག་སྤུས་གཟིགས་གནང་རྒྱུ་ཡོད་པ་བཅས་སོ།།

པར་མཛོད་ཁང་།

བོད་ཀྱི་དཔེ་མཛོད་ཁང་གི་སྒྲ་བརྙན་སྡེ་ཚན་གྱི་ཁྱབ་ཁོངས་པར་མཛོད་ཁང་འདི་ནི་བོད་ཀྱི་རིག་གཞུང་གི་དཔལ་ཡོན་ལ་ཉམས་ཞིབ་ཀྱི་རྒྱུ་ཆར་ཉེ་བར་མཁོ་བའི་གལ་འགངས་ཆེ་བའི་པར་རིས་མང་དག་ཅིག་གསོག་འཇོག་བྱེད་སའི་མཛོད་ལྟ་བུ་ཞིག་ཡིན། དུས་རབས་མང་པོའི་རིང་བོད་ནི་འགྲོ་བསྐྱོད་མི་ཆོག་པའི་རྒྱལ་ཁབ་ཅེས་པའི་མིང་གིས་བསྙད་དེ་བོད་ཀྱི་གནས་སྟངས་དེ་དང་འབྲེལ་བའི་འདྲ་པར་ལེན་རྒྱུ་ནི་ཧ་ཅང་ཉུང་བའི་ཚོད་དུ་ཡོད། པར་མཛོད་འདིའི་དགོས་དམིགས་གཙོ་བོ་ནི་འདྲ་པར་དཀོན་རིགས་དེ་དག་སྲུང་སྐྱོབ་དང་བོད་རིག་པར་དོན་གཉེར་ཅན་རྣམ་པར་མཁོ་སྤྲོད་གནང་ཐུབ་པ་བྱ་རྒྱུ་དེ་ཡིན། པར་མཛོད་ཀྱི་རྒྱུ་ཆ་ཕལ་ཆེ་བ་ནི་གང་ཟག་སྒེར་དང་ཚོགས་སྡེ་བྱེ་བྲག་པས་ཕུལ་བ་དག་དང་། རྒྱ་གར་དང་བལ་ཡུལ་ནས་བླངས་པའི་འདྲ་པར་ཁག་ཡིན། ད་ལྟའི་ཆར་དཔར་མཛོད་ཁང་དུ་འདྲ་པར་གྲངས། ༧༠༠༠ དང་། གློག་ཀླད་ནང་གི་འདྲ་བཤུས་གྲངས་ ༧༥ ༠༠༠ སྤྱིན་ཤོག་གི་ངོ་བོར་ཡོད་པ་གྲངས་ ༡༠༨༠ དང་། བརྙན་ཆས་ཀྱི་ངོ་བོར་ཡོད་པ་ ༢༩༥ ཙམ་ཡོད། པར་མཛོད་ཁང་འདིར་ཉེ་རབས་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཅན་སུ་ཞིག་ཕེབས་ཀྱང་དགའ་བསུ་ཞུ་རྒྱུ་དང་། པར་མཛོད་ཁང་ནས་ཆོག་མཆན་ཐོབ་འཕྲལ་སློབ་ཕྲུག་དང་ཉམས་ཞིབ་པ། གཞན་ཡང་། དོ་བདག་སྒེར་པ་སུ་ཡིན་རུང་འདྲ་པར་བཀོལ་སྤྱོད་བྱེད་འཐུས།

སྡེ་ཚན་འགན་འཛིན།

 


མཚན།  ཚེ་རིང་སྒྲོལ་དཀར།
གློག་འཕྲིན།  av_archives(at)tibetanlibrary.org