གཙོ་ངོས། / ནང་ཆོས་འཛིན་གྲྭ་གཉིས་པ། དགེ་བཤེས་བློ་བཟང་བརྩོན་འགྲུས།

ནང་ཆོས་འཛིན་གྲྭ་གཉིས་པ། དགེ་བཤེས་བློ་བཟང་བརྩོན་འགྲུས།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

ནང་ཆོས་འཛིན་གྲྭ་གཉིས་པ།

དུས་ཚོད། སྔ་དྲོ་ཚོུད་ ༡༠།༣༠ ནས་ ༡༡།༤༥ བར།
སློབ་ཁྲིད་པ། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས།

ཟླ་ཚེས། ཟླ་ ༣ ཚེས་ ༡༥ ནས་ཟླ་ལྔ་པའི་ཚེས། ༡༢ བར།
ཁྲིད་གཞུང་། རྒྱལ་སྲས་ལག་ལེན་སོ་བདུན་གྱི་འགྲེལ་པ་གཞུང་དང་གདམས་ངག་ཟུང་འཇུག་བདུད་རྩིའི་བུམ་བཟང་། རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུ།

རྒྱལ་སྲས་ལག་ལེན་སོ་བདུན་གྱི་འགྲེལ་པ་གཞུང་དང་གདམས་ངག་ཟུང་འཇུག་ཅེས་པ་འདི་ནི་རྒྱལ་སྲས་ཐོགས་མེད་བཟང་པོས་བཛད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་དག་ཚང་ལ་མ་ནོར་བ་ཚིག་ལེའུར་བྱས་པ་སོ་བདུན་གྱི་ནང་དུ་བཏུས་པ་རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་ཡོངས་སུ་གྲགས་ཤིང་ཐོས་བསམ་ལ་འཇུག་བདེ་བའི་གཞུང་བཟང་དེའི་འགྲེལ་པ་རྨད་དུ་བྱུང་བ་ཞིག་ཡིན། རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུའི་འགྲེལ་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་ཚུལ་ནས་བརྩམས་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་འཇུག་པའི་ཚུལ་གོ་བདེའི་ཚིག་གིས་འགྲེལ་བཤད་གནང་ཡོད། འདིར་གསུངས་པའི་མན་དག་དེ་དག་ཀྱང་མདོ་དང་བསྟན་བཅོས་ཁུངས་སུ་དྲངས་ཤིང་བོད་ཀྱི་རིས་མེད་སྐྱེས་ཆེན་རྣམས་ཀྱི་གདམས་ངག་ཐུགས་དམ་གྱི་མཐིལ་དུ་མཛད་དེ་གཞུང་འདིའི་བྱེད་པོ་གང་ཉིད་ཀྱིས་ཡུན་རིང་སྒོམ་སྒྲུབ་བྱས་པའི་མྱོང་ཐོག་ནས་གསུངས་པ་ཞིག་ཡིན། གཞུང་འདིར་དལ་འབྱོར་ངོས་བཟུང་བ་དང་དོན་ཆེ་བར་བསམ་པའི་ཚུལ་དང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་བཤེས་གཉེན་བསྟེན་པའི་ཚུལ། ངེས་འབྱུང་གི་བསམ་པ་དང། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་སོགས་རྒྱུད་ལ་བསྐྱེད་ཚུལ་སོགས་རྒྱས་པར་གསུངས་ཤིང་། འདོད་ཆགས་དང་། ཞེ་སྡང་། ཕྲག་དོག སེར་སྣ་སོགས་ཉོན་མོངས་པའི་བློ་ལ་གཉེན་པོ་བསྟེན་ཚུལ་དང་། བློ་སྣ་ཆོས་སུ་དྲངས་ཚུལ་ཞིབ་པར་འགྲེལ་ཡོད།

ཀླད་ཀྱི་དོན། བསྟན་བཅོས་ཀྱི་མཚན་ནས་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ།

གཞུང་གི་དོན།
དང་པོ་སྔོན་འགྲོའི་ཆོས་ལ་འཇུག་ཚུལ།
ཚིགས་བཅད། ༡ ནས་ ༧ བར་དལ་འབྱོར་རྙེད་དཀའ། ཕ་ཡུལ་སྤོང་བ། དབེན་པ་བསྟེན་པ། མི་རྟག་དྲན་པ། གྲོགས་ངན་སྤོང་བ། གྲོགས་བཟང་བསྟེན་པ། སྐྱབས་སུ་འགྲོ་བ་དང་བདུན་ནོ།།

གཉིས་པ་དངོས་གཞི་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྟེན་པ།
ཚིགས་བཅད། ༨ ནས་ ༢༤ བར། སྐྱེས་བུ་ཆུང་ངུ་དང་། སྐྱེས་བུ་འབྲིང་དང་། སྐྱེས་བུ་ཆེན་པོའི་ལམ།
འཇུག་གི་དོན།
དང་པོ་བསླབ་བྱ་ལ་སློབ་པ།
ཚིགས་བཅད། ༢༥ ནས་ ༣༧ བར། ཕར་ཕྱིན་དྲུག་ལ་བསླབ་པ། མདོ་ནས་གསུངས་པའི་ཆོས་བཞི་ལ་བསླབ་པ། ཉོན་མོངས་སྤོང་ཚུལ་ལ་བསླབ་པ། དྲན་ཤེས་དང་ལྡན་པའི་གཞན་དོན་སྒྲུབ་ཚུལ་ལ་བསླབ་པ། དགེ་བ་རྫོགས་བྱང་དུ་བསྔོ་བ་ལ་བསླབ་པའོ།།

གཉིས་པ་དོན་བསྡུ་བ། གང་གི་དོན་དུ་ཇི་ལྟར་བརྩམས་པ། ལག་ལེན་འཁྲུལ་མེད་དུ་བསྟེན་པ། ཁེངས་སྐྱུང་ཞིང་བཟོད་པ་གསོལ་བ། རྩོམ་པའི་དགེ་བ་བྱང་ཆེན་དུ་བསྔོ་བ། ཕུན་སུམ་ཚོགས་པ་བཞི་ལྡན་གྱི་སྦྱར་བྱང་ངོ་།།

ཕྱི་ཟླ་ ༨ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༢ བར།
ཁྲིད་གཞུང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ས་ལམ་གྱི་རྣམ་གཞག་མཁས་པའི་མགུལ་རྒྱན།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་རང་གི་མཛའ་བཤེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བསྐུར་བའི་སྤྲིངས་ཡིག་ཅིག་ཡིན། བཤེས་སྤྲིངས་ཀྱི་བརྗོད་བྱ་གཙོ་བོ་ནི་ཆོས་ཀྱི་གདམས་ངག་ཟབ་མོ་རྣམས་ཉིན་རེའི་འཚོ་བར་སྦྱར་ཚུལ་དང་། རྒྱལ་པོའི་སྲིད་ལུགས་སྐྱོང་ཚུལ་སོགས་ཚིགས་སུ་བཅད་པ་བརྒྱ་དང་ཉེར་གསུམ་ནང་གསལ་བར་གསུངས་ཡོད་པས་འདི་ནི་ཁྱིམ་པ་ལ་གདམས་པ་ཞིག་ཀྱང་ཡིན། སངས་རྒྱས་དང་བྱང་སེམས་ཀྱི་ལམ་ཉམས་ལེན་གྱི་རིམ་པ་དེ་དག་ལས་དང་པོ་བའི་ཁྱིམ་པ་ཞིག་གིས་ཇི་ལྟར་འཇུག་ཚུལ་སོགས་འཕགས་པའི་དབྱངས་ཀྱིས་སྒོ་ནས་ཆེས་གོ་བདེ་ཞིང་ལག་ཏུ་བླངས་བདེ་བར་འགྲེལ་ཡོད།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ས་ལམ་གྱི་རྣམ་གཞག་ཏུ་ས་བཅུ་ལམ་ལྔའི་ཕན་ཡོན་དང་ཡོངས་སྦྱོང་སོགས་ཀྱི་སྐོར་དང་། དེ་བཞིན་གང་ཟག་གཅིག་ལམ་ལ་ཞུགས་པའི་རིམ་པ། ལམ་སོ་སོའི་ངོ་སྐལ་གྱི་སྤང་བྱ་དང་གཉེན་པོ་གང་ཡིན་སོགས་ཀྱི་སྐོར་གསུངས་ཡོད།

ཟུར་བལྟའི་དཔེ་དེབ། ཁྲིད་གཞུང་།

  • རྒྱལ་སྲས་ལག་ལེན་སོ་བདུན་གྱི་འགྲེལ་པ་གཞུང་དང་གདམས་ངག་ཟུང་འཇུག་བདུད་རྩིའི་བུམ་བཟང་། རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུ།
  • དབུ་མ་རིན་ཆེན་འཕྲེང་བ། དཔལ་མགོན་ཀླུ་སྒྲུབ།
  • ས་ལམ་མཁས་པའི་མགུལ་རྒྱན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
  • གདམས་ངག་རིན་པོ་ཆེའི་མཛོད། ཀློང་ཆེན་ཡེ་ཤེས་རྡོ་རྗེ།
  • གྲུབ་མཐའི་རྣམ་གཞག རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།