གཙོ་ངོས། / དཔེ་མཛོད་ཀྱི་ལོ་རྒྱུས།

དཔེ་མཛོད་ཀྱི་ལོ་རྒྱུས།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་དྲག་པོའི་དབང་སྒྱུར་བྱས་ཏེ། ཕྱི་ནང་སྣོད་བཅུད་ལ་ཉམས་ཉེས་ཚབས་ཆེ་བཏང་བ་མ་ཟད། ལྷག་པར་དུ་ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་རྟེན་དང་བརྟེན་པ་བཅས་གཏོར་བཅོམ་ཤུལ་མེད་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་བརྩམས་པ་དང། བོད་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་ཐུན་མིན་ཤེས་རིག་དང། སྒྱུ་རྩལ། ལག་ཤེས། གོམས་གཤིས་སོགས་བརྗེ་སྒྱུར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་བྱས་དང་བྱེད་མུས། ཤིན་ཏུ་གཉན་འཕྲང་ཅན་གྱི་དུས་བབ་དང་ཉེན་ཚབས་ལ་གཟིགས་ཏེ། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གཞུང་ཉམས་གསོ་དང༌། སྲུང་སྐྱོབ། ཉར་ཚགས། གོང་སྤེལ་བཅས་གཏོང་ཕྱིར་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་གསར་འཛུགས་གནང་བ་ཞིག་ཡིན།

བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་པའི་ཉིན་དེར་ཆོས་ཕྱོགས་ཀྱི་མཛད་རིམ། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་འོག་སྐབས་དེའི་བོད་ཀྱི་བླ་སྤྲུལ་བགྲེས་པ་དང་བློན་ཆེན་ཁག་གིས་བསྔོ་སྨོན་ཞལ་འདོན་གནང་བཞིན་པ།

ཕྱི་ལོ་ ༡༩༧༠ ཟླ་བ་ ༦ པའི་ཚེས་ ༡༡ ཉིན་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ཏེ་གནས་ཡུལ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། ལོ་ངོ་དེ་དག་རིང་བོད་ཀྱི་དཔེ་མཛོད་ཁང་གིས་ལས་དོན་གང་ཅིར་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་བཏང་ནས་སྤྱི་ཚོགས་ཁྲོད་གདེང་འཇོག་ཆེན་པོ་ཐོབ། དེང་གི་ཆར་དཔེ་མཛོད་ཁང་འདི་བཞིན་འཛམ་གླིང་ནང་ནང་ཆོས་དང། བོད་རིག་པའི་གཞུང་ལུགས་ཐོག་ཞིབ་འཇུག་སློབ་གཉེར་བྱེད་སའི་ཤེས་ཡོན་བསྟི་གནས་གལ་ཆེ་ཞིག་ཏུ་གྱུར་བ་དང། འདི་གའི་ལས་དོན་ཚགས་ཚུད་དང་ཕུན་སུམ་ཚོགས་པའི་མཐུན་རྐྱེན་ལ་བརྟེན་འཛམ་གླིང་ཡུལ་གྲུ་གང་ས་ནས་མཁས་དབང་དང༌། ཉམས་ཞིབ་པ། སློབ་ཕྲུག གཟིགས་སྐོར་བ་སོགས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཏེ་འདིར་ཕེབས་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

དཔེ་མཛོད་ཁང་གི་འགན་འཛིན་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཀྱིས་འཛུགས་སྐྲུན་གྱི་ཞིབ་ཕྲའི་འཆར་གཞི་སྤྱན་འབུལ་ཞུས་པར་༸གོང་ས་མཆོག་གིས་གཟིགས་ཞིབ་གནང༌།

ཕྱི་ལོ་ ༡༩༩༡ ལོར་ཧི་མཱ་ཅལ་མངའ་སྡེ་གཞུང་གི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་བོད་རིག་པའི་ཤེས་ཡོན་བསྟི་གནས་སུ་ངོས་འཛིན་གནང༌། ལོ་ལྔའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔེ་མཛོད་ཁང་འདི་བོད་ཀྱི་དཔེ་མཛོད་དང༌། བོད་ཀྱི་འགྲེམས་སྟོན་ཁང༌། བོད་ཀྱི་ཡིག་མཛོད་བཅས་སུ་གཅིག་བསྡུས་ཀྱི་ངོ་བོར་ངོས་འཛིན་གནང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་གཞུང་གི་ལག་བྲིས་སྲུང་སྐྱོབ་ལས་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་རྒྱལ་ཁབ་ཀྱི་ཕྱག་དཔེ་ཐོན་ཁུངས་བསྟི་གནས་ཤིག་ཏུ་ངོས་འཛིན་གནང༌།

དམིགས་ཡུལ་དང་དགོས་པ།

  • བོད་ཀྱི་རིག་གཞུང་གཅེས་སྲུང་དང༌། གོང་འཕེལ། ཁྱབ་སྤེལ་བཅས་གཏོང་རྒྱུ།
  • བོད་ཀྱི་ཕྱག་དཔེ་གསུང་རྟེན་ཁག་མཁོ་སྒྲུབ་དང༌། སྲུང་སྐྱོབ། ཉར་ཚགས་བཅས་བྱ་རྒྱུ།
  • ཀློག་དེབ་དང་དཔྱད་གཞི་ཡིག་ཆ་མང་ཙམ་མཁོ་སྤྲོད་བྱ་རྒྱུ།
  • དཔེ་ཆའི་ཐོ་གཞུང་དང་ཡིག་ཆའི་རེའུ་མིག་མཁོ་སྤྲོད་དང་པར་འགྲེམས་བྱ་རྒྱུ།
  • དཔྱད་གཞིའི་ཡིག་ཆའི་འདྲ་བཤུས་མཁོ་སྤྲོད་དང༌། པར་འགྲེམས། མཁོ་འདོན་བཅས་བྱ་རྒྱུ།
  • དཔྱད་གཞི་འཐུས་སྒོ་ཚང་བའི་བོད་རིག་པའི་བསྟི་གནས་ཁང་གི་ངོ་བོར་གནས་རྒྱུ།

བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་སྒྱུ་རྩལ་དང༌། སྣང་བརྙན། ཕྱག་དཔེ། ཐང་ག པར་རིས། དེ་བཞིན་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་སུ་གྱུར་པའི་རིག་དངོས་སྣ་ཚོགས་ཤིག་གཅེས་ཉར་བྱེད་སའི་མཛོད་ཁང་ལྟ་བུར་ཞབས་འདེགས་སྒྲུབ་ཀྱི་ཡོད། འདིར་དཔེ་མཛོད་འབའ་ཞིག་མིན་པར་འགྲེམས་སྟོན་ཁང་དང་ཡིག་མཛོད་ཀྱང་ཡོད། ལྷག་པར་དུ་རིག་གཞུང་དང་ཤེས་ཡོན་སློབ་གཉེར་བྱེད་སའི་ཤེས་ཡོན་བསྟི་གནས་ཤིག་ཡིན་པར་མ་ཟད་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ལྟར་བགྲོ་གླེང་དང༌། ཚོགས་འདུ། ཟབ་སྦྱོང༌། གཏམ་བཤད་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་གཞིའི་རྣམ་གྲངས་མང་པོ་གཉེར་བཞིན་མཆིས། དེ་དག་ལ་བརྟེན་ནས་ཉམས་ཞིབ་དང་ཤེས་ཡོན་སྤེལ་རེས་ཀྱི་ཁོར་ཡུག་གོང་མཐོར་གཏོང་རྒྱུའི་སྒོ་མོ་ཕྱེ་ཡོད།

ཐོག་མར་སྡེ་ཚན་ཆུང་ངུ་གསུམ་ལས་ད་ཆ་བོད་ཀྱི་དཔེ་མཛོད་ཁང་འདིར་རིག་གཞུང་དང་ཤེས་ཡོན་ཆ་ཚང་བའི་ཆེད་ལས་སྡེ་ཚན་བཅུ་གསར་འཛུགས་ཐུབ་པ་བྱུང༌ཡོད།